ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཆེ་གེ་མོས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་དང་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་བྱས་པའི་འབྲེལ་ཡོད་གནས་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲིམས་ལུགས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། མཱ་ཆེ་གེ་མོ། ཕོ། 1985ལོར་ཀྲེ་ཅང་ཝུན་ཀྲོའུ་ནས་སྐྱེས་པ་དང་། ད་ལྟ་ཚན་རྩལ་ཚད་ཡོད་ཀུང་སི་ག་གེ་མོ་ཞིག་གི་ཞིབ་འཇུག་གསར་སྤེལ་པུའུ་ཡི་སྤྱི་གཉེར་བའི་འགན་འཁུར་ཡོད། དུས་ཡུན་རིང་པོའི་ནང་ཁོས་དྲ་ཐོག་ནས་ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་དགྲར་འཛིན་ཕྱོགས་ཁག་གི“བློ་བསྒྱུར”བྱ་བ་དང་ལེན་བྱས་ནས། ཕྱི་རྒྱལ་གྱི་ཟང་ཟིང་ལ་གཞོལ་བའི་ངོ་རྒོལ་པ“མི་ཚེའི་སློབ་དཔོན”དུ་བཟུང་ཞིང་། དེའི་ཤུགས་རྐྱེན་འོག་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྗེས་ལུས་ཀྱི་བསམ་བློ་བཅངས་བས། ཕྱི་རྒྱལ་གྱི་དགྲར་འཛིན་ཕྱོགས་ཁག་གི“ཀྲུང་གོའི་མི་ལ་བརྟེན་ནས་ཀྲུང་གོར་ངོ་རྒོལ་བྱེད་པའི”ལག་ཆར་གྱུར་བ་རེད། མཱ་ཆེ་གེ་མོ་ནི་ཕྱི་རྒྱལ་གྱི་དགྲར་འཛིན་ཕྱོགས་ཁག་གི་རང་རྒྱལ་གྱི་ལས་ཚབ་ལས་སྒྲུབ་པ་དང་། རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱེད་མཁན་ཡིན་པ་མ་ཟད། ད་དུང་ཁྲིམས་འགལ་གྱིས“ཆབ་སྲིད་རྩ་འཛིན”བཟོ་བ་དང་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་བྱས་པ་མ་ཟད། གཞོན་ནུ་སློབ་མའི་ཚོགས་སྤྱི་ལ་མགོ་སྐོར་དང་བསླུ་བྲིད་གཏོང་བ་དམིགས་ཡུལ་དུ་བཟུང་ནས། སློབ་མར་མེས་རྒྱལ་དང་མི་རིགས་ལ་དམའ་འབེབས་གཏོང་བའི་བྱེད་སྒོའི་ནང་ཞུགས་པར་སྐུལ་སློང་བྱ་འཆར་ཡོད་པ་རེད།

2016ལོའི་ཟླ3པ་ནས་བཟུང་། མཱ་ཆེ་གེ་མོས་སྦྲེལ་དྲའི་ཆེད་ལས་ཁྱད་ཆོས་བེད་སྤྱོད་བཏང་ནས། དངོས་མིང་གསང་བའི་དྲ་རྒྱའི་ཚོགས་པ་བཙུགས་ནས་དོན་དངོས་འཁྱོག་བཤད་དང་། དཀྲོག་གཏམ་སྣ་ཚོགས་བརྒྱུད་སྒྲོག་བྱེད་ཅི་ཐུབ་བྱས་པ་མ་ཟད། “རང་བཙན་བསྒྲགས་གཏམ”ཞེས་པ་སྤེལ་ནས། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་རྒྱལ་ཁབ་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་བཅས་བྱས་ནས། ཕྱི་རྒྱལ་གྱི་དགྲར་འཛིན་ཕྱོགས་ཁག་གི་རང་རྒྱལ་མངའ་ཁོངས་ནང་གི་ལས་ཚབ་པ་བྱས་པ་རེད། མཱ་ཆེ་གེ་མོས་ཡང་དང་ཡང་དུ་བཤད་རྒྱུར། མཐའ་མཇུག་གི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་རྒྱུ་དེ་ཡིན་ལ། དེ་ནས“ནང་རུལ་པའི”བྱ་སྤྱོད་རིམ་བཞིན་ཆེ་རུ་གཏོང་ཆེད་བསྒྲགས་གཏམ་ལ་ངོ་རྒོལ་བྱེད་པའི་རྩ་འཛིན་བཟོ་བ་དང་། ཐ་ན“སྐམ་ས་ཆེན་མོའི་གནས་སྐབས་རྒྱལ་ཚོགས་འཛུགས་པའི”གྲ་སྒྲིག་བྱེད་མགོ་བཙུགས་ནས། འབྲེལ་ཡོད་མི་སྣར་མངགས་བཅོལ་གྱིས“བཅའ་ཁྲིམས་ལམ་ལུགས”ཟེར་བ་ཞིག་བཟོས་ཏེ། “ཕྱི་རྒྱལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་སྲིད་གཞུང་གི་མགོ་རྟིང་སློག་པ”བསྒྲགས་འཆར་ཡོད་པར་བཤད།  

གོང་གསལ་གྱི་བྱ་སྤྱོད་དེ་དག་གིས་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། དྲ་རྒྱ་ནི་ཁྲིམས་ལུགས་མེད་པའི་གནས་མིན་པས། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དེར་བརྟག་དཔྱད་བྱེད་བཞིན་ཡོད་ལ། མི་འགྱངས་པར་ངེས་པར་དེའི་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་པོ་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་རེད། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ། མེས་རྒྱལ་དང་མི་རིགས་ལ་རྒྱབ་འགལ་བྱེད་པ་བཅས་ཀྱི་རེ་ངན་བཅངས་པའི་མི་སུ་ཞིག་ཡིན་རུང་དེར་བཅའ་ཁྲིམས་ཀྱིས་ཆད་པ་ནན་མོ་གཅོད་ངེས་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།