ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་བརྒྱད་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རང་རྒྱལ་གྱི་མ་རྩ་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་ལྟར་ཚད་ལྡན་དང་ཁྲིད་སྟོན་བྱ་རྒྱུའི་སྐོར་ནས་ཐུན་མོང་སློབ་སྦྱོང་ཐེངས་སོ་བརྒྱད་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་བྱ་བར་འགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། མ་རྩ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་ནས་མ་རྩ་ཚད་ལྡན་ཅན་དུ་གཏོང་བ་དང་མ་རྩ་འཕེལ་རྒྱས་གཏོང་བར་སྣེ་འདོམས་བྱེད་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་དང་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། ལག་ལེན་གྱི་གནད་དོན་གལ་ཆེན་ཞིག་དང་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། དེ་མིན་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དང་འབྲེལ་བ་ངེས་ཅན་ཡོད་ལ། བཅོས་སྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་དང་འབྲེལ་བ་ཡོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་དང་འབྲེལ་བ་ཡོད་པ་ལས་གཞན། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་དམ་ཟབ་ཡོད། ངེས་པར་དུ་དུས་རབས་གསར་པའི་ཆ་རྐྱེན་འོག་ཏུ་རང་རྒྱལ་གྱི་རིགས་སོ་སོའི་མ་རྩ་དང་དེའི་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མ་རྩ་བདེ་ཐང་ངང་འཕེལ་རྒྱས་གཏོང་རྒྱུ་ཚད་ལྡན་ཅན་དུ་གཏོང་བ་དང་ཁྲིད་སྟོན་གང་ལེགས་བྱས་ནས། མ་རྩ་ཚད་ལྡན་ཅན་དང་བདེ་ཐང་ངང་འཕེལ་རྒྱས་གཏོང་རྒྱུར་སྒོ་ཀུན་ནས་འབད་དེ། མ་རྩ་འཕེལ་རྒྱས་གཏོང་རྒྱུ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པའི་ནུས་ལྡན་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས།

ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་གཙོ་གཞོན་པ། དགེ་རྒན་ཆེན་མོ་ལིའུ་ཡོན་ཁྲུན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་ནས་དེ་འབྲེལ་གྱི་གྲོས་སྡུར་བྱས།

ལིས་ཁི་ཆང་གིས་ཐུན་མོང་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་གནས་བབ་དང་དུས་སྐབས་མི་འདྲ་བའི་ལས་འགན་གཙོ་བོ་ནས་འགོ་བརྩམས་ཏེ། མ་རྩར་ངོས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། མ་རྩ་བདེ་ཐང་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་དང་སྲིད་ཇུས་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ་དང་ཚད་ལྡན་ཅན་དུ་གཏོང་བ། ཁྲིད་སྟོན་བཅས་བྱེད་དགོས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་བཅོས་སྒྱུར་སྒོ་འབྱེད་དངོས་སུ་བྱས་རྗེས། ང་ཚོས་དབང་བའི་ལམ་ལུགས་ཀྱི་གནད་དོན་ཐད་གནས་པའི་སྲོལ་རྒྱུན་འདུ་ཤེས་ཀྱི་འཆིང་རྒྱ་མེད་པར་བཟོས། མ་རྩ་ནི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། ཚོང་རས་ཐོན་ཁུངས་ལ་བཀོད་སྒྲིག་བྱེད་པའི་ལག་ཆ་ཞིག་ཡིན་ལ། དཔལ་འབྱོར་གོང་དུ་འཕེལ་གཏོང་བའི་བྱེད་ཐབས་ཤིག་ཀྱང་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱིས་ཀྱང་མ་རྩ་རིགས་སོ་སོ་བེད་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཆོག སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་བོ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་དུ་འཕེལ་རྒྱས་གཏོང་བ། རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གྲུབ་ཆ་གཙོ་བོར་བྱེད་པ། བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་གནས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རིམ་གྱིས་གཏན་འཁེལ་བྱས་ཡོད་ཅིང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པར་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བར་མ་ཟད། གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་ བཅུག་ནས། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཏུ་བརྩིས་ཏེ་རིམ་པར་གཏན་འཁེལ་བྱས་ཡོད། ང་ཚོས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། རིགས་སོ་སོའི་མ་རྩ་འཕེལ་རྒྱས་ལ་ཕན་པ་ཆེ་བའི་ཁྲོམ་རའི་ཁོར་ཡུག་དང་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་དགོས། ང་ཚོས་སྒེར་སྡེམ་ལ་རྒོལ་ཤུགས་ཆེ་རུ་གཏོང་བ་དང་། མ་རྩ་གོ་རིམ་མེད་པའི་ངང་རྒྱ་སྐྱེད་པར་སྔོན་འགོག་བྱེད་པ། ཉེན་ཁ་སྔོན་འགོག་ནུས་ལྡན་བཅས་བྱས་ནས། ཚོང་རའི་དྲང་གཞག་འགྲན་རྩོད་ལ་སྲུང་སྐྱོབ་བྱས་ཡོད། ང་ཚོས་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་གང་ཐུབ་བྱས་པ་དང་། དཔལ་འབྱོར་དངོས་ཡོད་དང་བྲལ་ནས་ལོག་ལམ་དུ་ཕྱོགས་པའི་ཕྱོགས་ལྷུང་ཅི་རིགས་ཁྱད་བསད་བྱས་པ། ངན་འགྱུར་མ་རྩའི་ཉེན་ཁ་དང་ལྦུ་བའི་ཉེན་ཁ་སོགས་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་ཡོད། ང་ཚོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་ཤུགས་བསྣན་ནས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་རྣམ་པ་ཡི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་དགོས། ང་ཚོས་མ་རྩའི་ངོ་བོར་བསམ་ཤེས་བྱ་རྒྱུ་རིམ་བཞིན་གཏིང་ཟབ་དུ་སོང་བ་དང་ མ་རྩའི་ནུས་པར་ངོས་འཛིན་བྱེད་ཚད་སྔར་ལས་འཐུང་ཚང་དུ་སོང་བ། མ་རྩའི་ཆོས་ཉིད་ཁོང་དུ་ཆུད་ཚད་སྔར་ལས་གཏིང་ཟབ་ཏུ་སོང་བ། མ་རྩ་འཁོར་སྐྱོད་བཅོས་སྐྱོང་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་སོང་བ་བཅས་མངོན་འགྱུར་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་བཞི་བཅུ་ལྷག་འཁོར་བའི་རིང་ལ། མ་རྩས་ས་ཞིང་དང་ངལ་རྩོལ་ནུས་ཤུགས། ལག་རྩལ། གཞི་གྲངས་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་ཆེད་ལེགས་སྐྱེས་གང་ལེགས་ཕུལ་ཡོད་པས། རིགས་སོསོའི་མ་རྩ་ཡི་དགེ་མཚན་ལྡན་པའི་ནུས་པར་ངེས་པར་དུ་ཁས་ལེན་གང་ལེགས་བྱེད་དགོས། ད་ལྟའི་དུས་སྐབས་སུ། རང་རྒྱལ་དུ་རྒྱལ་ཁབ་ལ་དབང་བའི་མ་རྩ་དང་ཐུན་མོང་གི་མ་རྩ། དམངས་གཉེར་མ་རྩ། ཕྱི་རྒྱལ་གྱི་མ་རྩ། མཉམ་བསྲེས་མ་རྩ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མ་རྩ་ཡོད་པར་མ་ཟད། མ་རྩ་དེ་དག་གི་གཞི་ཁྱོན་མངོན་གསལ་ཇེ་མང་དུ་འཕེལ་ནས། རང་བདག་འགན་ནུས་སྣ་མང་ཅན་དུ་འཕེལ་བ་དང་འཁོར་སྐྱོད་མྱུར་ཚད་ཇེ་མགྱོགས་སུ་སོང་བ། རྒྱལ་སྤྱིའི་མ་རྩ་འབོར་ཆེན་ཡོད་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ། མིག་སྔའི་གནས་བབ་ནས་རྐང་ཚུགས་པར་བྱེད་པ་དང་ཕུགས་ཕན་ལ་དམ་པོར་དམིགས་པ། ཁ་འགྲེམ་འགག་གསུམ་ཟུང་འབྲེལ་དང་རིགས་བགོས་ཇུས་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས། ལས་ཆོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། རྒྱལ་ནང་དང་རྒྱལ་སྤྱི་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྤྱི་ལ་དབང་བ་མ་ཡིན་པའི་མ་རྩ་ཚུད་པའི་མ་རྩའི་གསོན་ཤུགས་སྣ་ཚོགས་སྐུལ་སྤེལ་བྱེད་པར་མཐོང་ཆེན་བྱེད་རྒྱུ་དང་། ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་སྤེལ་དང་ཚོང་རའི་དཔལ་འབྱོར་དར་རྒྱས། མི་དམངས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པ། རྒྱལ་སྤྱིའི་འགྲན་རྩོད་ནང་ཞུགས་པ་བཅས་བྱེད་པའི་ནུས་ལྡན་དགེ་མཚན་འདོན་སྤེལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བརྩི་བཀུར་དང་ཞབས་ཞུ་བྱེད་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཆ་རྐྱེན་འོག་གི་མ་རྩ་ཡི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ཏུ་མ་རྩ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཇི་ལྟར་བྱས་ནས་ཚད་ལྡན་ཅན་དུ་གཏོང་བ་དང་ཁྲིད་སྟོན་བྱ་རྒྱུ་དེ་ནི་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པས་ངེས་པར་དུ་ཞིབ་འཇུག་དང་ཐག་གཅོད་བྱ་དགོས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི། མ་རྩ་ཡི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་མ་རྩའི་རིགས་པའི་གཞུང་ལུགས་ཞིབ་འཇུག་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་ཁྲིད་སྟོན་བྱེད་པ། མ་རྩ་རིགས་སོ་སོ་འཕེལ་རྒྱས་བཟང་པོ་ཡོང་བར་བྱེད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་པ། དེའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ཀྱི་ངོས་ནས་དང་འཕེལ་རྒྱས་ཀྱི་ངོས་ནས། །རྩོད་སྒྲུབ་ཀྱི་ངོས་བཅས་ནས་རང་རྒྱལ་གྱི་སྤྱི་ཚོགས་ལ་གནས་པའི་རིགས་སོ་སོའི་མ་རྩ་དང་དེའི་ནུས་པར་ངོས་འཛིན་དང་སྟངས་འཛིན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འོག་ཏུ། མ་རྩ་ནི་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱེད་པར་སྐུལ་ཁྲིད་བྱེད་པའི་འབྲེལ་ཐག་གལ་ཆེན་ཡིན་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། དུས་མཚུངས་སུ། མ་རྩ་ལ་ཁེ་ཕན་གཉེར་བའི་རང་བཞིན་ལྡན་པས། གལ་ཏེ་ཚད་ལྡན་དང་ཚོད་འཛིན་མ་བྱས་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་དཔག་དཀའ་བའི་གནོད་འཚེ་བཟོ་སྲིད་པ་ངེས་པར་དུ་ཤེས་པར་བྱེད་དགོས། ང་ཚོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ནས་རྐང་ཚུགས་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྣམ་པ་མི་འདྲ་བའི་མ་རྩའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ངོ་བོའི་སྟེང་ནས་དབྱེ་བ་གསལ་པོ་འབྱེད་པ། གནས་ཐིག་ཁ་གསལ་བཟོ་བ་བཅས་བྱས་ཏེ། རིགས་སོ་སོའི་མ་རྩ་བདེ་ཐང་ངང་འཕེལ་རྒྱས་འགྲོ་ཕྱོགས་སྔར་ལས་ཚད་ལྡན་ཅན་དུ་གཏོང་བ་དང་དེར་ཁྲིད་སྟོན་གང་ལེགས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་རྩ་དང་ཁེ་ཕན་བགོ་བཤའི་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ངོ་བོས་ང་ཚོས་ངེས་པར་དུ་རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་བགོ་བཤའི་ཁྲོད་མི་དམངས་བླ་ན་མེད་པ་མཚོན་པར་བྱེད་དགོས་པ་གཏན་འཁེལ་བྱས་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཀུན་ཕན་རང་བཞིན་དང་ཐོག་མའི་བགོ་འགྲེམས་ཀྱི་དྲང་གཞག་རང་བཞིན་ལ་མཐོང་ཆེན་བྱས་ནས། མ་རྩ་སྤྱི་ཚོགས་ཀྱི་བགོ་བཤའི་ནང་ཞུགས་ཏེ་འཕར་སྣོན་དང་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པར་མ་ཟད། རྩོལ་བསྟུན་ཐོབ་སྤྲོད་ཀྱི་རང་བདག་གནས་བབ་ལ་སྲུང་སྐྱོབ་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱས་ནས། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུའི་སྟེང་བསྐྱོད་ཐུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མ་རྩའི་ཁྲོམ་ར་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། རང་རྒྱལ་གྱི་མ་རྩའི་ཚོང་རའི་རྨང་གཞིའི་ལམ་ལུགས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། མ་རྩའི་ཚོང་རའི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། མ་རྩ་རིགས་སོ་སོ་འཕེལ་རྒྱས་གཏོང་བར་བར་སྟོང་སྔར་ལས་ཆེན་པོ་བསྐྲུན་དགོས། ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲོམ་རའི་བཀག་རྒྱ་སྣ་ཚོགས་སེལ་བ་བཅས་བྱས་ཏེ། རིགས་སོ་སོའི་མ་རྩ་ཡི་གོ་སྐབས་འདྲ་མཉམ་དང་དྲང་གཞག་ངང་ནང་དུ་ཞུགས་པ། གོ་རིམ་ལྡན་པའི་ངང་འགྲན་རྩོད་ཐུབ་པ་བཅས་བྱེད་དགོས། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མ་དངུལ་འཇོག་རྒྱུ་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། ཚོང་རའི་ཁོར་ཡུག་བཟང་པོར་བརྟེན་ནས་རྒྱལ་སྤྱིའི་མ་རྩ་སྔར་ལས་མང་བ་རང་རྒྱལ་དུ་ཡོང་ནས་མ་དངུལ་འཇོག་པ་དང་ལས་རིགས་དར་སྤེལ་གཏོང་བའི་ཐད་འགུགས་གང་ཐུབ་བྱེད་དགོས། རང་རྒྱལ་གྱི་མ་རྩ་དང་ཁེ་ལས་འཛམ་གླིང་དུ་སྐྱོད་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་རྩ་འཕེལ་རྒྱས་གཏོང་བར་ཚད་ལྡན་ཅན་དུ་གཏོང་བ་དང་ཁྲིད་སྟོན་གང་ལེགས་བྱེད་དགོས། “དམར་ལྗང་གློག་་”འཛུགས་པ་དང་། མ་རྩ་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྒྲོམ་གཞི་ཆ་ཚང་བ་དང་གཏན་ཚིགས་གསལ་བ། ལམ་ལུགས་འཐུས་ཚང་བཅས་ཀྱི་སྒྲིག་སྲོལ་མ་ལག་ཆགས་པར་བྱེད་དགོས། རྒྱུ་ནོར་བདག་དབང་ལ་སྲུང་སྐྱོབ་དང་གན་རྒྱར་སྲུང་སྐྱོབ་བྱེད་པ། ཚོང་ར་གཅིག་གྱུར། འདྲ་མཉམ་བརྗེ་རེས། འགྲན་རྩོད་འདྲ་མཉམ། ལྟ་སྐུལ་དོ་དམ་ནུས་ལྡན་བཅས་བྱ་རྒྱུ་ཁྲིད་ཕྱོགས་སུ་འཛིན་པ་དང་། གནས་པའི་གནད་དོན་འབུར་ཐོན་ལ་དམིགས་ནས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གསར་འཛུགས་དང་ཡོ་བསྲང་དང་རྩིས་མེད་གཏོང་བའི་འགྲེལ་བཤད་བཅས་ལེགས་པར་བྱེད་དགོས། མ་རྩའི་ཁྲོམ་རའི་འཇུག་སྒོ་དང་གཏོང་སྒོ་ནན་སྲུང་བྱས་ནས། ཁྲོམ་རའི་འཇུག་འཐུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ཁྲོམ་རའི་འཇུག་འཐུས་རྩིས་ཁྲའི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་དགོས། མ་རྩའི་བྱ་སྤྱོད་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་དང་ཁྲིམས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་རའི་ཁ་ལོ་སྒྱུར་བའི་གོ་གནས་གང་བྱུང་དུ་སྤྱོད་པ་སོགས་སྒེར་སྡེམ་དང་ཚུལ་མིན་གྱི་འགྲན་རྩོད་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས། ཡ་རབས་སྐྱོན་བྲལ་དང་ཡར་བརྩོན་གྱི་ཡིད་རྟོན་རིག་གནས་སྐྱེད་སྲིང་བྱེད་པ་དང་། མ་རྩའི་གཙོ་བོར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པའི་སློབ་གསོས་ཁྲིད་སྟོན་བྱེད་པ། ཡིད་རྟོན་ལ་མཐོང་ཆེན་དང་དྲང་བདེན་ལ་མཐོང་ཆེན་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་འཇིག་རྟེན་གྱི་ལམ་བུའི་སྟེང་བསྐྱོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མ་རྩ་བཅོས་སྐྱོང་གི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པ། འཚོལ་ཞིབ་གསར་གཏོད་བཅས་བྱས་ཏེ་མ་རྩ་བཅོས་སྒྲིག་གི་དམིགས་འབེན་རང་བཞིན་དང་ཚན་རིག་གི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་བཏང་ནས། བྱ་བ་མ་བྱས་གོང་ཁྲིད་སྟོན་དང་བྱ་བ་སྒྲུབ་པའི་སྐབས་སུ་སྔོན་འགོག་བྱེད་པ། བྱ་བ་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་འབྲེལ་མཐུད་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་མ་རྩ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། ལྟ་སྐུལ་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་དང་གཞུང་དྲང་ལྟ་སྐུལ། འབྱུང་རྩ་ནས་ལྟ་སྐུལ་དོ་དམ་བྱེད་པ། གནད་དུ་འཁེལ་བའི་སྒོ་ནས་ལྟ་སྐུལ་དོ་དམ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་སྐུལ་དོ་དམ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་རྒྱུ་དང་། ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ། ལྟ་སྐུལ་དོ་དམ་གྱི་ཞན་ཆ་གསབ་པ། མ་རྩའི་ལྟ་སྐུལ་དོ་དམ་ནུས་པ་དང་ལྟ་སྐུལ་དོ་དམ་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་གསལ་པོ་བྱས་མེད་པའི་རིགས་ལ། སུ་ཞིག་གིས་ཞིབ་མཆན་བཀོད་ན་དེས་ལྟ་སྐུལ་དོ་དམ་བྱེད་རྒྱུ་ དང་། སུས་གཙོ་སྐྱོང་བྱས་ན་དེས་ལྟ་སྐུལ་དོ་དམ་བྱེད་དགོས་པའི་རྩ་དོན་ལྟར་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཁོངས་གཏོགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ས་གནས་ཀྱིས་ཁོངས་གཏོགས་ལྟ་སྐུལ་དོ་དམ་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྟ་སྐུལ་དོ་དམ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ལས་རིགས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་བགོས་མཉམ་སྒྲུབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་དངུལ་རྩའི་ལྟ་སྐུལ་དོ་དམ། ཕྱི་རྒྱལ་མ་དངུལ་གྱི་ལྟ་སྐུལ་དོ་དམ། འགྲན་རྩོད་ཀྱི་ལྟ་སྐུལ་དོ་དམ། བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་སོགས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་དགོས། མ་ལག་རང་བཞིན་གྱི་ཉེན་ཁ་ཐོན་སྲིད་པའི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་བྱ་ཡུལ་ལ་གནད་དུ་འཁེལ་བའི་སྒོ་ནས་སྟངས་འཛིན་བྱས་ནས། བཅོས་སྐྱོང་གི་སྔོན་དཔག་རང་བཞིན་དང་མགྱོགས་མྱུར་རང་བཞིན་སྔར་ལས་ཆེ་རུ་བཏང་སྟེ། ཉེན་ཁ་སྔ་མོ་ནས་ཤེས་རྟོགས་ཐུབ་པར་བྱེད་པ་དང་སྔ་མོ་ནས་ཐག་གཅོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མ་རྩའི་ཁྱབ་ཁོངས་ཀྱི་རུལ་རྒོལ་ལ་ཤུགས་སྣོན་རྒྱག་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་དྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། དབང་ཆ་གཞི་རྟེན་དུ་བྱེད་པའི་མ་རྩར་བརྟེན་ནས་ཁེ་ཕན་གཉེར་བའི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བ་དང་སྟེགས་བུ་སྒེར་སྡེམ་སོགས་དེའི་ལྟག་རྒྱབ་ཏུ་གནས་པའི་རུལ་སུངས་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནུས་ལྡན་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མ་རྩ་བདེ་ཐང་ངང་འཕེལ་རྒྱས་གཏོང་རྒྱུ་ཚད་ལྡན་ཅན་དུ་གཏོང་བ་དང་དེར་ཁྲིད་སྟོན་གང་ལེགས་བྱ་རྒྱུ་ནི་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ནས། རང་བདག་འགན་འཁྲི་ཏན་ཏིག་འཁུར་བ་དང་མ་རྩ་བཅོས་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། སྲིད་ཇུས་དྲིལ་སྒྲོག་དང་སྔོན་དཔག་ཁྲིད་སྟོན་ལ་ཤུགས་སྣོན་པ་བཅས་བྱས་མཐར། མ་ལག་རང་བཞིན་གྱི་ཉེན་ཁ་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།