ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧུའུ་ནན་ཁྲང་ཧྲ་ཡི་སྡོད་དམངས་རང་ཉིད་ཀྱིས་བསྐྲུན་པའི་ཁང་པ་བརྡིབས་པ་སོགས་ཀྱི་དོན་རྐྱེན་ཐད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4པའི་ཚེས29ཉིན་གྱི་དུས་ཚོད་བཅུ་གཉིས་དང་སྐར་མ་ཉེར་བཞིའི་སྟེང་དུ། ཧུའུ་ནན་ཁྲང་ཧྲ་གྲོང་ཁྱེར་ཝང་ཁྲིན་ཁུལ་ཅིན་ཧྲན་ཆའོ་སྲང་ལམ་དུ་ཡོད་པའི་ཅིན་ཕིང་སྡེ་ཁུལ་དུ། སྡོད་དམངས་རང་ཉིད་ཀྱིས་ལས་པའི་ཁང་པ་བརྡིབས་པའི་དོན་རྐྱེན་བྱུང་བ་དང་། མིག་སྔའི་བར་མི་བཅུ་ལྷག་ཙམ་སྔར་བཞིན་ཉེན་ཁའི་གནས་སུ་ལྷུང་ཡོད།

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མྱུར་མོར་མཛུབ་སྟོན་གལ་ཆེན་གནང་ནས། རྐྱེན་ལམ་དུ་ཤོར་བའི་མི་སྣ་འཚོལ་སྐྱོབ་དང་ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱས་ཏེ། ནང་མིར་སེམས་གསོ་གཏོང་བ་དང་བཀོད་སྒྲིག་སོགས་ཀྱི་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དུས་མཚུངས་སུ། ཚན་རིག་དང་མཐུན་པའི་མྱུར་སྐྱོབ་བྱ་རྒྱུར་དོ་སྣང་བྱས་ནས། དོན་རྐྱེན་དེ་དང་འབྲེལ་ནས་གནོད་འཚེ་གཞན་པ་མི་ཡོང་བར་འབད་འབུངས་བྱེད་དགོས་ལ། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་མཐར་ཕྱིན་བྱས་ནས། ཁྲིམས་ལྟར་འགན་འཁྲི་རྩད་གཅོད་ནན་མོ་གཏོང་བ་དང་འབྲེལ་ཡོད་འགན་འཁུར་བར་ཐག་གཅོད་ནན་མོ་བྱས་ཏེ། དབང་གྲགས་ལྡན་པའི་སྒོ་ནས་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་སྒྲོག་བྱེད་དགོས། ཉེ་བའི་ལོ་འདི་དག་གི་རིང་ལ། སྡོད་དམངས་རང་ཉིད་ཀྱིས་ལས་པའི་ཁང་པ་བརྡིབས་པའི་དོན་རྐྱེན་ཐེངས་གང་མང་བྱུང་ནས། མི་སྣ་ཤི་རྨས་ཚབས་ཆེན་བྱུང་བས་ངེས་པར་དུ་དེའི་ཐད་མཐོང་ཆེན་གང་ལེགས་བྱེད་དགོས། རྒྱལ་ཡོངས་ཀྱི་རང་བརྟེན་ཁང་སྐྲུན་བདེ་འཇགས་ལ་ཆེད་དོན་བཅོས་སྒྲིག་བྱས་ནས། མི་མངོན་པའི་རྐྱེན་ངན་ཞིབ་བཤེར་མཐའ་གཅིག་ཏུ་བྱས་ཏེ། དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། དོན་རྐྱེན་ཚབས་ཆེན་སྣ་ཚོགས་འབྱུང་བར་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་སྲུང་ཏན་ཏིག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དོན་རྐྱེན་དེའི་ཐད་མཆན་བཀོད་མཛུབ་སྟོན་གནང་ནས། མྱུར་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ། ནུས་ཤུགས་ཡོད་རྒུ་འདོན་པ་དང་ཚན་རིག་དང་མཐུན་པའི་ངང་ཉེན་ཁའི་ཁྲོད་ལྷུང་བའི་མི་སྣ་འཚོལ་སྐྱོབ་བྱས་ནས་རྨས་མ་སྐྱོབ་བཅོས་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པ་དང་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་རྐྱེན་ལམ་དུ་སོང་བ་ཇེ་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན། དུས་མཚུངས་སུ། ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་རྗེས་འཇུག་ལས་དོན་ཡག་པོ་བསྒྲུབས་ནས། དངོས་ཐོག་བདེན་འཚོལ་དང་ཁ་གསལ་ངང་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། དོན་རྐྱེན་གྱི་གནད་དོན་ལ་རྩད་ཞིབ་གསལ་པོ་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། ས་གནས་སོ་སོར་འཛུགས་སྐྲུན་ལས་རིགས་དང་ལྷག་པར་དུ་གཉེར་སྐྱོང་རང་བཞིན་གྱི་རང་བསྐྲུན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། དོན་རྐྱེན་ཚབས་ཆེན་མི་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།