ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ལས་གནས་ཇེ་བརྟན་དུ་བཏང་ནས་ལས་ཞུགས་ལ་སྐུལ་མ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་བྱ་རྒྱུ་གཏན་འཁེལ་བྱས་པ་དང་། འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་འགན་ལེན་བྱེད་པའི་སྐོར་གྱི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། སྔར་བས་ཤར་གཏོང་ཐུབ་པ་དང་འཁོར་རྒྱུག་ཤར་བགྲོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ནས་བསྟན་དོན། ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་ནི་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། སྔར་ལས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ལས་ཞུགས་བརྟན་པོ་ཡོང་བར་བྱེད་དགོས། གཅིག་ནས་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་ཆ་རྐྱེན་འོག་ནས་བསྐྱར་དུ་ཐོན་སྐྱེད་བྱེད་པ་དང་ལྷག་པར་དུ་ཐོན་ལས་འབྲེལ་ཐག་དང་འབྲེལ་བའི་མཁོ་སྤྲོད་སྦྲེལ་ཐག་གི་གཙོ་གནད་ཁེ་ལས་དང་། འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་སྐོར་གྱི་ཁེ་ལས། རྨང་གཞིའི་སྒྲིག་ཆས་གལ་ཆེན་སོགས་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱས་ནས། དཀའ་ངལ་ཆེ་བའི་ཁེ་ལས་ཀྱི་རིགས་ལ་ཁ་གཏད་རོགས་སྐྱོར་བྱེད་དགོས། གཉིས་ནས་ཁྲོམ་ར་གཙོ་བོའི་ལས་གནས་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་ལས་ཞུགས་ལས་གནས་རྒྱ་སྐྱེད་གཏོང་དགོས། བཞི་ནས་ལས་ཞུགས་ཞབས་ཞུ་དང་ཚད་མཐའ་སྲུང་བར་འགན་ལེན་ཡག་པོ་བྱེད་དགོས། ལྔ་ནས་ས་གནས་ཁག་གི་ལས་ཞུགས་བརྟན་པོ་ཡོང་བའི་འགན་འཁྲི་ཇེ་དམ་དུ་བཏང་སྟེ། བྱ་བའི་བྱས་འབྲས་ལ་དཔྱད་ཞིབ་གང་ལེགས་བྱས་ནས། ལོ་ཧྲིལ་པོའི་ལས་ཞུགས་དམིགས་འབེན་ཡོངས་འགྲུབ་ཐུབ་པར་འགན་ལེན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་ནི་ཁྲོམ་རའི་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན། ཉེ་ལམ་ས་གནས་ཁ་ཤས་ཀྱི་དངོས་ཟོག་སྐྱེལ་འདྲེན་ལ་འགོག་རྐྱེན་ཅི་རིགས་འཕྲད་པར་དམིགས་བཙུགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཀའི་ལམ་སྲོལ་བཙུགས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་གི་འགན་ལེན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་བྱེད་དགོས། གཅིག་ནས་འགྲིམ་འགྲུལ་རྐང་འཛིན་དྲ་རྒྱ་ནུས་ཤུགས་ཆེ་བའི་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས། གཉིས་ནས་དངོས་ཟོག་སྐྱེལ་འདྲེན་གྱི་འཁོར་སྐྱོད་ཕྲ་མོ་ཤར་གཏོང་ཐུབ་པར་བྱེད་དགོས། གསུམ་ནས་གཙོ་གནད་ས་ཁོངས་དང་ལས་རིགས། ཁེ་ལས་བཅས་ཀྱི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་དངོས་ཟོག་གི་བར་བརྒྱུད་ས་ཚིགས་བེད་སྤྱོད་ཡག་པོ་བྱེད་པ། འབྲེལ་གཏུག་རྣམ་པའི་སྦྲེལ་མཐུད་མིན་པ་ལག་བསྟར་བཅས་བྱེད་དགོས། བཞི་ནས་དངོས་ཟོག་སྐྱེལ་འདྲེན་གཉེར་སྐྱོང་མཁན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་རླངས་འཁོར་གྱི་འགྲོ་སྐྱོད་ལག་ཁྱེར་མགྱོགས་མྱུར་ངང་ཡར་ཞུ་བྱེད་པ་དང་མགྱོགས་མྱུར་ངང་བསྒྲུབས་ཏེ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་བར་ཁས་ལེན་ཐོབ་པ་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།