ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ལོ་གསུམ་ནང་བྱིས་པ་བྱིས་གཉོར་ཁང་དུ་ཞུགས་ཚད88.1%ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2021ལོའི་རྒྱལ་ཡོངས་ཀྱི་བྱིས་གཉོར་ཁང་གི་བྱིས་པའི་མི་གྲངས་ཁྲི4805.2ལ་སླེབས་པ་དང་། དེ2011ལོ་དང་བསྡུར་ན་མི་ཁྲི1380.8ཇེ་མང་དུ་སོང་ཡོད་དེ། རྒྱལ་ཡོངས་ཀྱི་སློབ་སྔོན་སློབ་གསོའི་ལོ་གསུམ་ནང་བྱིས་གཉོར་ཁང་དུ་ཞུགས་ཚད2011ལོའི62.3%ནས2021ལོའི88.1%ཇེ་མཐོར་སོང་ཡོད་པས། བརྒྱ་ཆའི་ཚེག25.8འཕར་ཡོད་ལ། སློབ་སྔོན་སློབ་གསོ་ཕལ་ཆར་ཁྱབ་གདལ་བྱུང་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། 2021ལོར་རྒྱལ་ཡོངས་ཀྱི་བྱིས་གཉོར་ཁང་གི་གྲངས་ཀ་ཁྲི29.5ལ་སླེབས་པ་དང་། དེ2011ལོ་དང་བསྡུར་ན་བྱིས་གཉོར་ཁང་ཁྲི12.8ཇེ་མང་དུ་སོང་ཡོད་པ་དང76.8%འཕར་སྣོན་བྱུང་ཡོད་པས། སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་དགོས་མཁོ་ཕན་ནུས་ལྡན་པའི་སྒོ་ནས་འགན་སྲུང་བྱས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་ཞིང་སྡེའི་འཕེལ་རྒྱས་ཆེས་མགྱོགས་མྱུར་ཡིན་ཞིང་། རྒྱལ་ཡོངས་སུ་གསར་དུ་བསྣན་པའི་བྱིས་གཉོར་ཁང་གི་ཁྲོད80%ཡས་མས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་འདུས་ཡོད་ཅིང་། 60%ཡས་མས་ཞིང་སྡེ་རུ་ཁྱབ་ཡོད།

2021ལོར་རྒྱལ་ཡོངས་ཀྱི་ཀུན་ཕན་རང་བཞིན་གྱི་བྱིས་གཉོར་ཁང་ཁྲི24.5ལ་སླེབས་པ་དང་བྱིས་གཉོར་ཁང་གི་སྤྱི་གྲངས་ཀྱི83%ཟིན། དེའི་ཁྲོད་གཞུང་བཙུགས་བྱིས་གཉོར་ཁང་ཁྲི12.8ཡོད་པ་དང་། དེ2011ལོ་དང་བསྡུར་ན149.7%འཕར་ཡོད། 2021ལོར་ཞིང་སྡེའི་ཀུན་ཕན་རང་བཞིན་གྱི་བྱིས་གཉོར་ཁང་གི་ཁྱབ་ཚུལ90.6%ལ་སླེབས་པ་དང་། ཤང་གྲོང་རེ་རེས་ཕལ་ཆེར་གཞུང་བཙུགས་ལྟེ་བའི་བྱིས་གཉོར་ཁང་རེ་ཡོད་ཅིང་། སྡེ་བ་ཆེན་པོས་རང་ཚུགས་ངང་བྱིས་གཉོར་ཁང་བཙུགས་པ་དང་། སྡེ་བ་ཆུང་ཆུང་གིས་མཉམ་འབྲེལ་སྒོས་བྱིས་གཉོར་ཁང་བཙུགས་ཡོད། གྲོང་རྡལ་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས། གྲོང་རྡལ་གྱི་ཀུན་ཕན་རང་བཞིན་གྱི་ཐོན་ཁུངས་མུ་མཐུད་དུ་རྒྱ་སྐྱེད་པ་དང་། ལྷག་པར་ཏུ་གྲོང་རྡལ་གྱི་གཞིས་ཁུལ་དུ་བྱིས་གཉོར་ཁང་གི་བཅོས་སྐྱོང་བཀོད་སྒྲིག་བྱས་ཡོད་ཅིང་། བསྡོམས་པས་བྱིས་གཉོར་ཁང་ཁྲི2ལྷག་བཅོས་སྐྱོང་བྱས་ཏེ། ཀུན་ཕན་རང་བཞིན་གྱི་མིང་བཏགས་ཁྲི416ཇེ་མང་དུ་བཏང་ཡོད།

 དེ་མིན་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་བྱང་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས། 2021ལོར་རྒྱལ་ཡོངས་ཀྱི་བྱིས་གཉོར་ཁང་གི་སློབ་གཙོ་དང་ཆེད་བསྐོས་དགེ་རྒན་གྱི་གྲངས་འབོར་ཁྲི350ལས་བརྒལ་ཏེ། ཆེད་སྦྱོང་ཚན་ཁག་ཡན་གྱི་སློབ་གཙོ་དང་ཆེད་བསྐོས་དགེ་རྒན་གྱི་བསྡུར་ཚད87.8%ལ་སླེབས་ཡོད།

བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། རང་རྒྱལ་གྱི་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་གསོ་སྐྱོང་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་དེ། 2021ལོར་རྒྱལ་ཡོངས་སུ་སློབ་སྔོན་སློབ་གསོའི་ཆེད་ལས་ཀྱི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་སློབ་གྲྭ1095ཡོད་པ་དང་། མཐར་ཕྱིན་སློབ་མ་ཁྲི26.5ལ་སླེབས་ཡོད་པས། བྱིས་གཉོར་ཁང་གི་དགེ་རྒན་གྱི་སྟོབས་ཤུགས་རྒྱུན་མཐུད་ངང་ཁ་གསབ་བྱེད་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།