ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་བྱས་ཏེ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་བསྡུས་ནས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་གནད་དོན་ལ་ཞིབ་འཇུག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་བསྡུས་པའི་ཚུན་གྱི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་བྱས།  ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྨང་གཞིའི་སྒྲིག་ཆས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གང་ལེགས་བྱས་ནས། རྨང་གཞིའི་སྒྲིག་ཆས་ཀྱི་བཀོད་སྒྲིག་དང་གྲུབ་ཆ། ནུས་པ། འཕེལ་རྒྱས་གཏོང་སྟངས་བཅས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་དང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པར་བརྟེན། ས་གནས་དང་སྡེ་ཁག་སོ་སོས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་བཀོད་སྒྲིག་གི་དགོངས་དོན་ལ་གོ་བ་ཡང་དག་བླངས་ནས། ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ཡག་པོ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་རིམ་པ་བཞིན་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། ཆུ་བེད་པུའུ་སོགས་སྡེ་ཁག་གིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པའི་གནད་དོན་སྐོར་གྱི་གནས་ཚུལ་སྙན་ཞུར་ཉན་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། འཕྲལ་བསྟུན་དོ་དམ་པུའུ་བཅས་ཀྱིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་གྱི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པའི་གནས་ཚུལ་སྙན་ཞུར་ཉན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་ལ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་རྒྱུད་དང་། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་ནན་མོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ།  མ་ལག་དང་ལྡན་པའི་ཇུས་འགོད་དང་སྤྱི་ཡོངས་ལ་མཐུན་སྦྱོར་གང་ལེགས་བྱེད་པ།  ཞན་ཆ་དང་དྲག་ཞན་དུས་ལྟར་སྙོམས་པ། རྨང་གཞིའི་སྒྲིག་ཆས་ཀྱི་བཀོད་པ་དང་གྲུབ་ཚུལ། ནུས་པ། འཕེལ་རྒྱས་གཏོང་སྟངས་བཅས་སྔར་ལས་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས། བདེ་འཇགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། ཕུགས་ཕན་ནས་རྐང་ཚུགས་པར་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ཀྱིས་རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་དང་དེར་སྲུང་སྐྱོབ་བྱེད་པ་དང་ཐོན་སྐྱེད་ནུས་ཤུགས་ལ་བཀོད་སྒྲིག་བྱེད་པ། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་འདེགས་སྐྱོར་ལ་ཤུགས་སྣོན་པ། རྨང་གཞིའི་སྒྲིག་ཆས་གསར་པ་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་ཆས་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྔོན་བརྒལ་འོས་འཚམ་གྱི་སྒོ་ནས་བཀོད་སྒྲིག་བྱས་པ་ཡིན་ན། ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཕན་པའི་རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག་བྱེད་ཐུབ་ལ། དུས་མཚུངས་སུ། སྔོན་བརྒལ་ངང་འཛུགས་སྐྲུན་བྱེད་ཚད་ལ་སྟངས་འཛིན་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་འཐེན་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། ཚེ་སྲོག་གི་འཁོར་ཡུན་ཧྲིལ་པོར་རྐང་ཚུགས་པར་བྱེད་པ། རིགས་སོ་སོའི་རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག་ལ་སྤྱི་འདོམས་བཅས་བྱས་ནས། ཕན་ཚུན་སྦྲེལ་མཐུད་དང་མཉམ་སྐྲུན་མཉམ་སྤྱོད། མཐུན་སྦྱོར་མཉམ་འགུལ་བཅས་མངོན་འགྱུར་ཡོང་བར་བྱེད་དགོས། སྲིད་གཞུང་དང་ཚོང་ར་དང་། ཀྲུང་དབྱང་དང་ས་གནས། རྒྱལ་ཁབ་ལ་དབང་བའི་མ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་བཅས་ཕྱོགས་མང་པོའི་ཐད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིམ་པ་དང་རིགས་བགོས་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕན་འབྲས་ལ་དོ་སྣང་ཆེན་པོ་བྱས་ནས། དཔལ་འབྱོར་གྱི་ལུགས་དང་མཐུན་པའི་སྒོ་ནས་རྩིས་རྒྱག་དགོས་ལ་ཕྱོགས་བསྡུས་ཀྱི་སྒོ་ནས་རྩིས་རྒྱག་དགོས་པར་མ་ཟད།  རྨང་གཞིའི་སྒྲིག་ཆས་ཀྱི་ཚེ་སྲོག་ཧྲིལ་པོའི་དུས་འཁོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་ཏུ། རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། ཁྱབ་ཁོངས་སོ་སོ་དང་ས་ཁུལ་སོ་སོའི་རྨང་གཞིའི་སྒྲིག་ཆས་ཀྱི་འཆར་འགོད་དང་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་རྒྱུ་དང་། ས་ཆ་དང་མཚོ་སྤྱོད། ནུས་ཁུངས་བཀོལ་བ་སོགས་ཀྱི་ཐོན་ཁུངས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོ་དང་སྒོ་ཀུན་ནས་འཚམ་པར་བྱས་ཏེ། ཡུན་རིང་གི་མ་དངུལ་གསོག་འཇོག་ཐབས་ལམ་རྒྱ་སྐྱེད་དང་། ནོར་སྲིད་ཀྱི་མ་དངུལ་འཇོག་གྲངས་སྔར་ལས་མང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱེད་པའི་མ་དངུལ་གྱི་དགོས་མཁོ་གཅིག་བསྡུས་ཀྱིས་འགན་སྲུང་སྔར་ལས་གང་ལེགས་བྱེད་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་སྟངས་ཚད་ལྡན་ངང་འཕེལ་རྒྱས་དང་ཡོངས་བསྒྲགས་འཁོར་སྐྱོད་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཀྱི་མ་རྩ་གྲོང་ཁྱེར་གྱི་སྒྲིག་ཆས་དངུལ་གཏོང་གཉེར་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་འགག་དང་ལྟེ་བར་གྱུར་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། རྨང་གཞིའི་སྒྲིག་ཆས་དང་ལག་རྩལ་རང་བརྟེན་ཚོད་འཛིན་ཐུབ་པའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། གཞི་ཁྱོན་ཆེ་བའི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེ་གསོ་སྐྱོང་དང་། ནུས་ཤུགས་རྫོགས་པའི་ཤེས་ལྡན་མི་སྣའི་དཔུང་སྡེ་སྔར་ལས་རྒྱ་སྐྱེད་པ། ཁྱད་དུ་འཕགས་པའི་བཟོ་བཀོད་པ་འབོར་ཆེན་གསོ་སྐྱོང་བཅས་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་གང་ལེགས་བྱེད་པ་དང་། ཚད་མཐའི་བསམ་གཞིག་བརྟན་པོ་འཛུགས་པ། ཉེན་ཁ་ཚབས་ཆེན་གྱི་སྔོན་དཔག་ཉེན་ཟོན་ཉེན་བརྡའི་ནུས་པར་ཤུགས་སྣོན་ནན་མོ་བཅས་བྱས་ནས། གཟབ་ནན་གོ་ཆོད་ཀྱི་ཁ་གཏད་འཇལ་ཐབས་དང་ཞིབ་ཕྲའི་བཀོལ་སྤྱོད་བྱེད་ཐབས་འཛོམས་པར་བྱེད་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་དགོངས་དོན་ནོར་འཁྲུལ་ཅི་ཡང་མེད་པའི་སྒོ་ནས་གསལ་རྟོགས་བྱས་ཏེ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་ཧུར་ཐག་བཞག་ནས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། དཔྱད་འཇོག་དང་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་དོ་མཉམ་ལེགས་པོ་བྱས་ཏེ་གནད་དོན་ཡོད་ན་དུས་ཐོག་ཏུ་ཡོ་བསྲང་བྱ་དགོས། དོན་འཁྱོལ་མཐར་ཕྱིན་བྱེད་པའི་ཕན་ནུས་རང་བཞིན་ཇེ་ཆེར་གཏོང་དགོས་པ་དང་། ལག་ལེན་གྱི་འབྲས་བུར་བརྟེན་ནས་ཕྱོགས་གང་ཅིའི་ཐད་ཀྱི་དོན་འཁྱོལ་མཐར་ཕྱིན་བྱས་འབྲས་ལ་གདེང་འཇོག་བྱེད་དགོས། ཁྲོམ་རའི་སྔོན་དཔག་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ། སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་རྩ་དོན་གསལ་པོ་བཤད་དགོས་པ་དང་ཁྲོམ་རའི་ཡིད་ཆེས་བརྟན་པོ་ཡོང་བར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་རྗེས་འདེད་ཀྱིས་ཕན་འབྲས་འདྲི་རྩད་བྱས་ཏེ། ལག་བསྟར་དོན་འཁྱོལ་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།