ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་ལ་དམ་པོར་དམིགས་ནས་སྲིད་དོན་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་རེ་གཅིག་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། རྩེ་རིམ་ཇུས་འགོད་ཡག་པོ་བྱ་རྒྱུ་དང་གཞི་རིམ་གྱི་འཚོལ་ཞིབ་ལ་སྐུལ་མ་གཏོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མ་དངུལ་འཇོག་གྲངས་ཇེ་མང་དུ་གཏོང་རྒྱུ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་ཟུང་འབྲེལ་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་དྲང་གཞག་རྒྱུན་མཐུད་ཐུབ་པའི་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་གང་མགྱོགས་ཀྱིས་འཛུགས་པ། ཞིང་པ་མང་ཚོགས་བདེ་ཐང་ཡོང་བའི་འགོག་སྲུང་འཛིང་རགས་དང་པོ་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་དང་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

སྲིད་གྲོས་ཨུ་ཡོན་བཅུ་ཡིས་ཚོགས་ཐོག་ཏུ་གཏམ་བཤད་བྱས་པ་དང་། ཨུ་ཡོན་བརྒྱད་ཅུ་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་སྟེགས་བུ་བརྒྱུད་དེ་བསམ་འཆར་བཏོན།

ཨུ་ཡོན་ཚོས་གྲོང་གསེབ་ཀྱི་མི་འབོར་གྲུབ་ཆའི་འགྱུར་ལྡོག་དང་སྨན་བཅོས་དགོས་མཁོ་སྣ་མང་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས། རྫོང་དང་ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པའི་ངེས་གནས་ཁ་གསལ་བཟོ་བ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྫོང་ཁོངས་ལ་སྤྱི་འདོམས་ཤུགས་སྣོན་རྒྱག་པ། རྫོང་དང་ཞང་གཞི་གཅིག་ཅན་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ཐོན་ཁུངས་གྲོང་ཁྱེར་ཆེན་པོའི་སྨན་ཁང་ཆེན་མོར་རྒྱུན་མཐུད་ངང་གཅིག་སྡུད་བྱེད་པ་དང་། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུ་ཚད་མ་ལོན་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བཅས་བྱེད་དགོས་པའི་གྲོས་འགོ་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧོས་ཡིས་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་ནོར་སྲིད་པུའུ། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་བཅས་ཀྱི་འགན་འཁུར་བས་གྲོས་མོལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།