ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ནས“གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར”དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས61པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རྩེ་རིམ་ཇུས་འགོད་ཡག་པོ་དང་གཞི་རིམ་འཚོལ་ཞིབ་ལ་སྐུལ་ལྕག་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དངུལ་གཏོང་ཆེར་བསྐྱེད་དང་ལམ་སྲོལ་འཐུས་ཚང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་འཚམ་ལ། འདྲ་མཉམ་ཆོག་འཐུས་དང་རྒྱུན་མཐུད་ཐུབ་པའི་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་བཙུགས་ནས། ཞིང་པ་མང་ཚོགས་ཀྱི་བདེ་ཐང་གི“འགོག་སྲུང་འཛིང་རགས་དང་པོ”བརྟན་སྲུང་བྱེད་དགོས་ལ། གྲོང་གསེབ་དར་རྒྱས་དང་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། 

ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས61པ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད། 

སྲིད་གྲོས་ཨུ་ཡོན10ཡིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དང་། ཨུ་ཡོན80ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན་པ་རེད། ཚང་མས་བསྟན་དོན། གྲོང་གསེབ་ནི་རང་རྒྱལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་དཀའ་གནད་ཅིག་ཡིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དང་། ལྷག་པར་དུ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པའི་བརྒྱུད་རིམ་ཁྲོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཚན་སོ་སོས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་སྨན་བཅོས་འཕྲོད་བསྟེན་བྱ་བའི་གཙོ་གནད་གཤམ་སྒྱུར་དང་ཐོན་ཁུངས་གཤམ་གཏོང་ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་བརྟན་བརླིང་ངང་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་མི་སྣས་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་རིང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་འཕེལ་རྒྱས་ལ་དོ་སྙོམས་མིན་པ་དང་གང་ལེགས་མིན་པའི་གནད་དོན་སྔར་བཞིན་མངོན་གསལ་ཡིན་ཞིང་། ཞབས་ཞུའི་མ་ལག་གི་ཇུས་འགོད་མཉམ་འདྲེས་མི་འདང་བ་དང་། སྨན་བཅོས་འགན་བཅོལ་དང་སྨན་རྫས་མཐུན་སྦྱོར་མཉམ་འགུལ་མི་འདང་བ། སྨན་བཅོས་འཕྲོད་བསྟེན་གྱི་འཇོན་མི་མི་འདང་བ། འཁོར་སྐྱོད་ལམ་སྲོལ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་ད་དུང་རྩ་བའི་ཆ་ནས་ཐག་གཅོད་ཐུབ་མེད་པ་མཐོང་ཐུབ་དགོས།

ཨུ་ཡོན་ཚོས་གྲོས་མགོ་འདོན་རྒྱུར། གྲོང་གསེབ་ཀྱི་མི་འབོར་གྲུབ་ཆའི་འགྱུར་ལྡོག་དང་སྨན་བཅོས་ཀྱི་དགོས་མཁོ་སྣ་མང་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས། རྫོང་དང་ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནུས་པའི་ངེས་གནས་ཁ་གསལ་བཟོས་ནས། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་དང་རྫོང་ཁོངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་ཤང་གཞི་གཅིག་ཅན་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས། ཐོན་ཁུངས་མུ་མཐུད་དུ་གྲོང་ཁྱེར་ཆེ་གྲས་དང་སྨན་ཁང་ཆེ་གྲས་སུ་གཅིག་སྡུས་བྱེད་པ་དང་། ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། སྨན་བཅོས་དང་སྨན་བཅོས་འགན་བཅོལ། སྨན་རྫས། སྨན་བཅོས་སློབ་གསོ་སོགས་ཀྱི་བཅོས་སྒྱུར་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས། དམ་ཚགས་པའི་རྫོང་ཁོངས་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་རྒྱུ་དངོས་གསུམ་གཅིག་སྡུད་ཐོག་དོ་དམ་བྱས་པ་བརྒྱུད། རིམ་དབྱེའི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཤང་གྲོང་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་ཆུ་ཚད་མཐོར་འདེགས་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་བཏང་ནས། རྒན་རྒོན་གྱི་ནད་དང་གཅོང་ནད། ཡུལ་ནད་སོགས་ལ་ལྟ་ཞིབ་ཚད་ལེན་དང་ཐེ་གཏོགས། ནད་བརྟག་སྨན་བཅོས་འགོག་བཅོས་སོགས་འབུར་དུ་བཏོད་ནས།  དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཤང་གྲོང་འཕྲོད་བསྟེན་ཁང་གི་གཞི་རྩའི་སྨན་རྫས་ཀྱི་དཀར་ཆག་སྣ་ཁ་ཇེ་མང་དུ་བཏང་སྟེ། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་འགན་ལེན་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་སྒྲིག་ཁོངས་དང་གོ་མིང་། གླ་ཕོགས། ཐོབ་ཐང་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ལས་ཞུགས་ཀྱི་ཧུར་སེམས་མི་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་དགོས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་སོགས་གཞི་རིམ་སྨན་བཅོས་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། ཁ་གཏད་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྨན་བཅོས་འགན་ལེན་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ནད་གཞིས་རྐྱེན་གྱིས་དབུལ་པོར་བསྐྱར་ལོག་གི་གནས་ཚུལ་སྔོན་འགོག་དང་སེལ་བའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས།  “དྲ་སྦྲེལ་དང་སྨན་བཅོས་ཟུང་འབྲེལ”དེ་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་སྤྱོད་པར་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་དོ་དམ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཀྲན་ཀུང་དང་ལི་པིན་ཚོགས་འདུར་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧུའེ་ཡིས་བརྗོད་དོན་གཏམ་བཤད་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་གོ་ཆིང་དང་། ལིའུ་ཁྲའོ་ཞ། ཁྲི་ཧུའེ། དབྱང་ཞའོ་ཧུང་། ལི་ཆིང་ཧྲན། ཀྲང་ཧྲུའུ། ལི་པི་དབྱིང་། ཝང་ཀུའེ་ཆི། ཙི་ཡན་ཕིང་། ཧོང་ཡུས་ཀོང་བཅས་ཀྱིས་གཏམ་བཤད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཀྲུང་དབྱང་གྲོང་གསེབ་གཞུང་ལས་ཁང་དང་། ནོར་སྲིད་པུའུ། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་བཅས་ཀྱི་འགན་འཁུར་བས་བརྗེ་རེས་གཏམ་གླེང་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།