ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་རང་རྒྱལ་གྱིས་དྲ་རྒྱའི་གཙོ་གནད་ཁྱབ་ཁོངས་ཀྱི་པར་དབང་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས26ཉིན་ནི་འཛམ་གླིང་གི་ཤེས་བྱའི་ཐོན་དབང་ཉིན་མོ་ཐེངས22པ་ཡིན། པར་དབང་ཁྲིམས་བསྟར་དང་ལྟ་སྐུལ་དོ་དམ་ཐད། རང་རྒྱལ་གྱིས་ད་ལོར་དྲ་རྒྱའི་གཙོ་གནད་ཁྱབ་ཁོངས་ཀྱི་པར་དབང་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱུ་ཡིན་ཏེ། དཔེར་ན། དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་དཔེ་སྐྲུན་དངོས་པོ་ཕྱིར་ཚོང་བྱེད་པའི་པར་དབང་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་པར་གཞི་རྐུ་སྤྱོད་དང་པར་རྐོ་བ། ཁྲིམས་འགལ་གྱིས་དྲ་རྒྱའི་བརྒྱུད་བསྒྲགས་དང་དབང་ཆར་བཙན་གནོད། པར་གཞི་རྐུ་སྤྱོད། སློབ་གཞི་དང་སློབ་ཁྲིད་ཟུར་ཁྲིད་སོགས་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་རྒྱུ་རེད།

འདི་ནི་གསར་འགོད་པས་དེ་ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་རེད། རྒྱལ་ཡོངས་ཀྱི་དབང་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ནམ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀན་ལིན་གྱིས་རང་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པ་དང་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ཐོན་རྫས། གཙོ་གནད་ལྷུ་ཚིགས་བཅས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ནས་དབང་གནོད་དང་རྫུས་མར་རྡུང་རྡེག་གཏོང་བའི་འཕེལ་ཕྱོགས་ལ་བཀག་འགོག་ནུས་ལྡན་བྱས་ཡོད་ཅེས་བསྟན།

ཀྲུང་དབྱང་དྲིལ་སྒྲོག་པུའུ་པར་དབང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཝང་ཀྲི་ཁྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་རྒྱལ་ཁབ་པར་དབང་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་གློག་བརྙན་ཁང་གི་གློག་བརྙན་གྱི་རྐུ་ཕབ་འགྲེམས་སྤེལ་ལ་གཅིག་སྡུད་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ནས། དྲ་རྒྱའི་པར་དབང་བཙན་གནོད་ལྐོག་སྤྱོད་ཀྱི“དྲ་རྒྱའི་རལ་གྲི2021”ཡི་ཆེད་དོན་བྱ་སྤྱོད་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་པར་དབང་སྲུང་སྐྱོང་གི་གཅིག་སྡུད་བྱ་སྤྱོད། གཞོན་ནུ་ལོ་ཆུང་གི་པར་དབང་སྲུང་སྐྱོང་དུས་ཚིགས་སོགས་ཆེད་དོན་བཅོས་སྒྲིག་སྤེལ་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་པར་དབང་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་བརྙན་ཐུང་དང་དྲ་རྒྱའི་ཐད་གཏོང་། ལུས་རྩལ་འགྲན་ཚོགས་དང་དྲ་ཐོག་སློབ་གསོ་ཁྱབ་ཁོངས་ཀྱི་ཁར་དབང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས།

ཝང་ཀྲེ་ཁྲེང་གིས་བཤད་རྒྱུར། རྒྱལ་ཁབ་པར་དབང་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་བསྟུད་མར་ལོ་གཉིས་ལ་གློག་བརྙན་ཁང་གི་གློག་བརྙན་རྐུ་ཕབ་དང་བརྒྱུད་སྤེལ་བྱེད་པར་རྡུང་རྡེག་གཏོང་བའི་གཅིག་སྡུད་བྱ་སྤྱོད་སྤེལ་ནས་དཔྱིད་གསར་དུས་ཆེན་སྐབས་ཀྱི་གློག་བརྙན་ཁང་གི་གློག་བརྙན་རྐུ་ཕབ་དང་བརྒྱུད་གཏོང་གི་ཁྲིམས་འགལ་བྱ་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་བཏང་བས། གློག་བརྙན་ཁང་དུ་གློག་བརྙན་རྐུ་ཕབ་དང་བརྒྱུད་སྤེལ་བྱེད་པའི་གནས་ཚུལ་ལ་ནུས་ལྡན་ངང་བཀག་འགོག་ཐུབ་ཡོད། མིག་སྔར། འབྲེལ་ཡོད་སྡེ་ཁག་གིས་གློག་བརྙན་ཁང་གི་གློག་བརྙན་སྐོར་གྱི་གཙོ་གནད་གྱོད་གཞི་ཁག་གཅིག་ལ་མཉམ་འབྲེལ་ཐོག་སྒྲུབ་སྐུལ་བྱེད་བཞིན་ཡོད་པ་དང་། གློག་བརྙན་ཁང་གི་གློག་བརྙན་གྱི་པར་དབང་བཙན་གནོད་ལྐོག་སྤྱོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར།

བསམ་ངན་ཁོག་བཅུག་གིས་ཚོང་རྟགས་ཐོ་འགོད་བྱེད་པའི་གནད་དོན་ལ་དམིགས་ནས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཤེས་བྱའི་བདག་དབང་སྲུང་སྐྱོང་སིའི་སི་ཀྲང་ཀྲང་ཀྲི་ཁྲེང་གིས་བསྟན་དོན། ཁྲིམས་ལྟར་ངན་སེམས་སྒོས་ཚོང་རྟགས་བཙན་འཕྲོག་ཐོ་འགོད་ཀྱི་བྱ་སྤྱོད་ལ་གཏན་འབེབས་སྒྲིག་སྲོལ་བཟོས་ཡོད། ཧྲན་ཏུང་དང་ཀྲེ་ཅང་སོགས་ཀྱིས་བསམ་ངན་ཁོག་བཅུག་གིས་ཨོ་རྩལ་འགྲན་ཚོགས་ལུས་རྩལ་པའི་རུས་མིང་དང་འབྲེལ་ཡོད་དོ་སྣང་གི་སྐད་ཆ་དང་ཡི་གེ་ཚོང་རྟགས་ཐོ་འགོད་བྱེད་པའི་གྱོད་གཞི་དག་ཧུར་ཐག་གིས་ཐག་གཅོད་བྱས་པས། བསམ་ངན་ཁོག་བཅུག་གིས་ཚོང་རྟགས་འཕྲོག་འགོད་བྱེད་པའི་བྱ་སྤྱོད་ལ་ཟིལ་གནོན་ཆེན་པོ་ཐེབས་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མི་དམངས་ཁྲིམས་ཁང་གསུམ་པའི་འགན་ཁུར་བ་ལི་ཅན་གྱིས། མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤེས་བྱའི་བདག་དབང་འདྲི་གཅོད་ཀྱི་སྤུས་ཚད་མཐོ་རུ་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གིས་གཏོད་ཡོད། ན་ནིང་ནས་བཟུང་རིམས་ནད་སྔོན་འགོག་གི་དངོས་རྫས་རྫུན་མ་བཟོ་བ་སོགས་ཀྱི་ཐོ་བཀོད་ཚོང་རྟགས་དང་། དྲ་སྦྲེལ་གྱི་གློག་བརྙན་ལྐོག་སྤྱོད། ཚོང་ལས་ཀྱི་གསང་བར་གནོད་འཚེ་གཏོང་བ། ས་བོན་རྫུན་མ་བཟོ་འཚོང་སོགས་ཀྱི་ནག་ཉེས་གཙོ་གནད་དུ་བཟུང་ནས་ཉེས་ཆད་བཅད་དེ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་པ་དང་ཁེ་དབང་འཛིན་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།