ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་ནས་བརྗོད་དོན་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་ལོ་ཚོགས་འགོ་རྩོམ་པའི་མཛད་སྒོ་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཧའེ་ནན་པོ་ཨའོ་རུ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ། ལག་གདང་སྦྲེལ་ནས་འགྲན་སློང་བསུ་བ་དང་མཉམ་ལས་བྱས་ཏེ་འབྱུང་འགྱུར་བསྐྲུན་དགོས་ཞེས་པ་ཁ་བྱང་དུ་བཟུང་ནས་བརྗོད་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་ཚད་དུ་སླེབས་ཏེ། མིའི་རིགས་ལ་ངེས་པར་དུ་གཟབ་ནན་གྱི་ལྟ་སྟངས་འཛིན་དགོས་པའི་བླང་བྱ་བཏོན་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་ང་ཚོར་དཀའ་ངལ་ཇི་ཙམ་ཆེ་བའི་དུས་སྐབས་སུ་དེ་ཙམ་གྱིས་ཡིད་ཆེས་བརྟན་པོ་བྱེད་དགོས་པའི་གནས་ལུགས་བསྟན་ཡོད། དཀའ་ཚེགས་དང་ཀྱག་ཀྱོག་གང་ཞིག་གིས་ཀྱང་ལོ་རྒྱུས་མདུན་དུ་སྐྱོད་པའི་གོམ་སྟབས་འགོག་མི་ཐུབ། འགྲན་སློང་མང་པོ་ཞིག་གི་མདུན་དུ་ང་ཚོས་ཡིད་ཆེས་མི་བོར་བ་དང་ཐེ་ཚོམ་མི་བྱེད་པའི་བསམ་སྦྱོར་ལ་བརྟེན་ནས་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་བར་མ་ཟད། སྔར་ལས་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྨུག་པའི་འཆིང་རྒྱ་ལས་ཐར་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་པར་བྱེད་པའི་སྟོབས་ཤུགས་ཆེས་ཆེ་ཤོས་ནི་བསམ་པ་གཅིག་མཐུན་གྱི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་རྒྱུ་དེ་ཡིན་ལ། ཆེས་ཕན་འབྲས་ལྡན་པའི་བྱེད་ཐབས་ནི་སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་རྒྱུ་དེ་ཡིན། འདས་ཟིན་པའི་ལོ་གཉིས་ལྷག་གི་རིང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དཀའ་སྤྱད་འབད་བརྩོན་བྱས། དཀའ་ངལ་དང་འགྲན་སློང་དེ་དག་ལས་ང་ཚོར་མིའི་རིགས་མ་གཞི་ནས་སྐྱིད་སྡུག་མཉམ་མྱོང་གི་ལས་སྐལ་གཅིག་མཐུན་ཚོགས་པ་ཞིག་ཡིན་པའི་གནས་ལུགས་བསྟན་ཡོད་པས། རྒྱལ་ཁབ་ཁག་གིས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་བརྗོད་སྙིང་ཡིན་པའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་གང་ཐུབ་བྱེད་རྒྱུ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཛིན་བྱས་ཏེ། ལག་གདང་སྦྲེལ་ནས་འགྲན་སློང་ཅི་རིགས་བསུ་བ་དང་མཉམ་ལས་བྱས་ཏེ་འབྱུང་འགྱུར་བསྐྲུན་དགོས། ང་ཚོས་མཉམ་དུ་མིའི་རིགས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས། ང་ཚོས་མཉམ་དུ་དཔལ་འབྱོར་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་དགོས། ང་ཚོས་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱ་དགོས། ང་ཚོས་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འགྲན་སློང་ལ་ཁ་གཏད་འཇལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་དུ། ཨེ་ཤེ་ཡ་ས་ཁུལ་གྱིས་སྤྱིའི་ཆ་ནས་བརྟན་འཇགས་རྒྱུན་འཁྱོངས་བྱས་པ་དང་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་ནས་ཨེ་ཤེ་ཡའི་ངོ་མཚར་ཆེན་པོ་བསྐྲུན། ཨེ་ཤེ་ཡ་ཡག་པོ་ཡོང་ན་གཞི་ནས་འཛམ་གླིང་ཡག་པོ་ཡོང་ཐུབ། ང་ཚོས་མུ་མཐུད་དུ་ཨེ་ཤ་ཡ་འཕེལ་རྒྱས་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ། ཨེ་ཤ་ཡའི་སྲ་མཁྲེགས་ཀྱི་ཆ་དང་བློ་གྲོས། སྟོབས་ཤུགས་བཅས་མངོན་ཅི་ཐུབ་བྱས་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ཀྱི་རྟིང་རྡོ་དང་འཕར་སྣོན་སྒུལ་ཤུགས་ཀྱི་འབྱུང་ཁུངས། མཉམ་ལས་ཀྱི་མཐོ་ཚད་གསར་པ་བཅས་བསྐྲུན་གང་ཐུབ་བྱེད་དགོས། གཅིག་ནས་ཨེ་ཤེ་ཡའི་ཞི་བདེ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས། གཉིས་ནས་ཨེ་ཤ་ཡའི་མཉམ་ལས་་ཧུར་ཐག་གིས་་སྐུལ་འདེད་གཏོང་དགོས། གསུམ་ནས་ཨེ་ཤེ་ཡའི་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ་དང་མི་མངོན་པའི་ནུས་ཤུགས་འདང་ངེས་ཡིན་པ། བསམ་བློ་གཏོང་ཡུལ་རྒྱ་ཆེ་བ། ཡུན་རིང་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འབྱུང་མི་སྲིད་པས། འཛམ་གླིང་གི་དཔལ་འབྱོར་དང་ཁེ་ལས་བརྟན་པོའི་ངང་སླར་གསོ་ཡོང་རྒྱུར་སྒུལ་ཤུགས་སྟོབས་ཆེན་མཁོ་འདོན་བྱས་ནས། རྒྱལ་ཁབ་སོ་སོར་སྔར་ལས་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་མཁོ་འདོན་བྱེད་རྒྱུ་ཡིན། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་ངང་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་རྒྱུ་ཡིན། འཛམ་གླིང་ལ་འགྱུར་ལྡོག་གང་འདྲ་ཞིག་བྱུང་ནའང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ཡིད་ཆེས་དང་སྙིང་སྟོབས་ལ་གཡོ་འགུལ་གཏན་ནས་གཏོང་མི་སྲིད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་ཞི་བདེའི་འཛུགས་སྐྲུན་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་རྣལ་མ་ཞིག་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་མཇུག་མཐར་གསུངས་དོན། མི་ལ་བརྩོན་འགྲུས་ལྡན་གྱུར་ན།། མི་འགྲུབ་བྱ་བ་གཅིག་ཀྱང་མེད་ཅེས་པ་བཞིན་དུ། དུས་རྒྱུན་ལས་དོན་ཆག་མེད་སྒོས་སྒྲུབ་ན་ལས་དོན་ཁྲི་སྟོང་མང་པོ་ངང་གིས་འགྲུབ་ཐུབ་པ་ལྟར། ང་ཚོས་ལག་གདང་སྦྲེལ་ནས་སེམས་ཤུགས་གཅིག་སྒྲིལ་དང་འབད་བརྩོན་ལྷོད་མེད་བྱས་ན། གཞི་ནས་མཉམ་ལས་གཉིས་ཕན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མདུན་སྐྱོད་ཀྱི་ལམ་དུ་འཕྲད་པའི་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། མིའི་རིགས་ཀྱི་མཚར་སྡུག་འོད་སྟོང་འབར་བའི་མ་འོངས་པ་བསུ་ཐུབ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།