ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་སྔར་ལས་དམ་འཛིན་ཡག་པོ་བྱེད་དགོས་པའི་སྐོར་ནས་བྱེད་ཐབས་བཀོད་སྒྲིག་བྱས་ཏེ། ལོ་ལེགས་ཡོང་བར་བྱེད་པ་དང་གལ་ཆེའི་ཞིང་ལས་ཐོན་རྫས་མཁོ་འདོན་བརྟན་པོ་ཡོང་བར་བྱེད་པ་དང་། ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་མཁོ་སྤྲོད་མང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་ནུས་ཁུངས་འགན་སྲུང་ནུས་པ་སྔར་ལས་ཆེ་རུ་བཏང་།
གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ནས། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ། ལོ་ལེགས་ཡོང་བར་འགན་ལེན་བྱེད་དགོས། གཅིག་ནས་ལོ་ཧྲིལ་པོའི་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་དང་ཐོན་ཚད་ཁག་སོ་སོ་རིམ་པ་རེ་རེ་བཞིན་ལས་བགོས་བྱས་ནས། ས་གནས་ཁག་གིས་ས་བོན་འདང་ངེས་བཏབ་སྟེ། ས་བོན་འདེབས་པར་འཚམ་པོ་ཡིན་པའི་དུས་སུ་འདེབས་དགོས་ལ། ལས་འགན་ཡོངས་འགྲུབ་མ་བྱས་པའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། གཉིས་ནས་དཔྱིད་ཀའི་རྨོ་འདེབས་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས། གསུམ་ནས་ཤ་ཚལ་སྒོང་གསུམ་ལ་དམ་འཛིན་ཡག་པོ་བྱས་ཏེ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་འཁོར་རྒྱུག་བདེ་བླག་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནས་ཞིང་ལས་ལ་རྒྱབ་སྐྱོར་དང་ཞིང་པར་ཕན་པའི་སྲིད་ཇུས་ཅི་ཡོད་དོན་འཁྱོལ་བྱས་ཏེ། གྲོ་ལ་གཏོར་ཐེངས་གཅིག་ལ་འགོག་པ་གསུམ་གྱི་ཁ་གསབ་ལག་བསྟར་བྱེད་དགོས། ལྔ་ནས་ཞིང་སྤྱོད་ས་ཆའི་ཁ་གསབ་མཐོ་རུ་གཏོང་བའི་བྱ་ཐབས་ལ་ཞིབ་འཇུག་གང་ལེགས་བྱས་ཏེ། འབྲུ་རིགས་ཉོ་སྒྲུབ་ལས་དོན་དུས་ཐོག་ཏུ་ཡག་པོ་སྒྲུབ་དགོས།
གྲོས་ཚོགས་ནས་བསྟན་དོན། རང་རྒྱལ་གྱི་གནས་ཚུལ་དངོས་ནས་རྐང་ཚུགས་པར་འབད་དེ། ཕྱི་ཕྱོགས་ཀྱི་འགྲན་སློང་ཅི་རིགས་ལ་ཁ་གཏད་འཇལ་བ་དང་གཙོ་གནད་ལ་དམ་འཛིན་བྱེད་པ། ནུས་ཁུངས་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་པ། མ་འོངས་སྔོན་འགོག་གི་ཆ་རྐྱེན་འཛོམས་པ། འཕེལ་རྒྱས་ལ་མཁོ་བའི་ནུས་ཁུངས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་རྡོ་སོལ་གྱི་ནུས་ཁུངས་གཙོ་བོ་འདོན་སྤེལ་བྱེད་དགོས། གཉིས་ནས་རྡོ་སོལ་དང་གློག་ཆས་སྒྱུར་བཀོད་ལ་སྐུལ་འདེད་བཏང་ན། ནུས་ཁུངས་བཀོལ་བའི་ཕན་འབྲས་ཆེ་རུ་བཏང་སྟེ། ལོ་ཧྲིལ་པོར་སྒྱུར་བཀོད་གཞི་ཁྱོན་ཆན་ཝ་དུང་ཕྱུར་གཉིས་ཚེག་གཅིས་ལས་བརྒལ་བར་བྱེད་དགོས། གསུམ་ནས་ལྟ་སྐུལ་དོ་དམ་ནན་མོ་དང་བདེ་འཇགས་ལ་བལྟོས་མེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། གོ་རིམ་ལྡན་པའི་ངང་ཉིང་རྡུལ་གློག་འཕེལ་རྒྱས་གཏོང་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས། །