ཀྲུང་གོ་བོད་ཀྱི་དྲ་བ།

མཁའ་འགྲུལ་དོན་རྐྱེན་བརྟག་དཔྱད་གནས་ཚུལ་ཀྱི་ཐོག་མའི་སྙན་ཞུ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2022ལོའི་ཟླ3པའི་ཚེས21ཉིན། ཤར་ཕྱོགས་མཁའ་འགྲུལ་ཡུན་ནན་ཚད་ཡོད་ཀུང་སིའི་པོ་དབྱིན737-800རིགས་ཀྱིB-1791རྟགས་ཅན་གྱི་གནམ་གྲུསMU5735ཡི་ཁུན་མིང་ནས་ཀོང་ཀྲོའུ་ལ་འཕུར་བའི་ལས་འགན་བསྒྲུབས། ཀོང་ཀྲོའུ་ཡི་དོ་དམ་ཁུལ་དུ་འཕུར་སྐབས། མཁའ་ལམ་འཕུར་སྐྱོད་ཀྱི་མཐོ་ཚད་སྨི8900ནས་མགྱོགས་མྱུར་ངང་མར་ལྷུང་སྟེ། མཐར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲོའུ་གྲོང་ཁྱེར་ཐེང་རྫོང་ལེང་ནན་གྲོང་རྡལ་མོ་ལང་གྲོང་ཚོའི་ཉེ་འགྲམ་དུ་ལྷུངས་པ་རེད། གནམ་གྲུ་སར་ལྷུངས་ནས་ཐོར་ཞིག་ཏུ་སོང་སྟེ། གནམ་གྲུའི་ཐོག་གི་འགྲུལ་པ123དང་གནམ་གྲུའི་ལས་དོན་མི་སྣ9བཅས་ཚང་མ་རྐྱེན་ལམ་དུ་ཤོར། 

རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཆིངས》ཀྱི་གཏན་འབེབས་གཞིར་བཟུང་། དོན་རྐྱེན་བྱུང་ཉིན་ནས་ཉིན30ཡི་ནང་། བརྟག་དཔྱད་རྩ་འཛུགས་བྱེད་མཁན་རྒྱལ་ཁབ་ཀྱིས་ངེས་པར་དུ་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་དང་བརྟག་དཔྱད་ལ་ཞུགས་པའི་རྒྱལ་ཁབ་ལ་བརྟག་དཔྱད་ཀྱི་ཐོག་མའི་སྙན་ཞུ་འབུལ་དགོས་ཤིང་། དེའི་ནང་དོན་རྟག་ཏུ་སྐབས་དེར་ཤེས་རྟོགས་བྱུང་བའི་དོན་དངོས་ཀྱི་ཆ་འཕྲིན་ཡིན་ལ། དོན་རྐྱེན་གྱི་རྒྱུ་རྐྱེན་དབྱེ་ཞིབ་དང་སྡོམ་ཚིག་ཚུད་མེད། མིག་སྔར《3·21”ཤར་ཕྱོགས་མཁའ་འགྲུལMU5735ཡི་མཁའ་འགྲུལ་ཡོ་བྱད་འཕུར་སྐྱོད་ལས་འཛོལ་ལ་བརྟག་དཔྱད་བྱས་པའི་ཐོག་མའི་སྙན་ཞུ》ལེགས་གྲུབ་བྱུང་བ་དང་། སྙན་ཞུའི་ནང་གཙོ་བོ་འཕུར་སྐྱོད་བརྒྱུད་རིམ་དང་གནམ་གྲུའི་ཐོག་གི་ལས་སྒྲུབ་མི་སྣ། མཁའ་འགྲུལ་དང་འཚམ་པའི་ཉམས་གསོ། ཆག་རོའི་ཁྱབ་ཚུལ་སོགས་དོན་དངོས་ཆ་འཕྲིན་ཚུད་ཡོད། གནས་ཚུལ་གཙོ་བོ་གཤམ་གསལ་ལྟར། 

གནམ་གྲུ་དེ་པེ་ཅིང་དུས་ཚོད་ཆུ་ཚོད13:16ཡི་ཐོག་ཁུན་མིང་ཁྲང་ཧྲུའེ་གནམ་ཐང་གི་རྒྱུག་ལམ་ཨང21པའི་ཐོག་འཕུར། ཆུ་ཚོད13:27གྱི་ཐོག་མཐོ་ཚད་སྨི8900ལ་སླེབས། 14:17གྱི་ཐོག་མཁའ་ལམA599བརྒྱུད་ནས་ཀོང་ཀྲོའུ་ཡི་དོ་དམ་ཁུལ་དུ་འབྱོར། 14:20:55ཡི་ཐོག་ཀོང་ཀྲོའུ་ཡི་ས་ཁོངས་དོ་དམ་ཚོད་འཛིན་ལེ་ཏ་རུ“བཀའ་རྒྱའི་མཐོ་ཚད་ལས་འཛོལ་བ”ཡི་ཉེན་བརྡ་བཏང་ནས།  གནམ་གྲུ་དེ་འཕུར་སྐྱོད་མཐོ་ཚད་ལས་བརྒལ། དོ་དམ་མི་སྣས་འཕྲལ་དུ་གནམ་གྲུར་འབོད་བརྡ་བཏང་ཡང་ལན་ཅི་ཡང་མ་འབྱོར། ཆུ་ཚོད14:21:40ཡི་ཐོག་ལེ་ཏས་ཐོ་འཇུག་བྱས་པའི་གནམ་གྲུའི་ཆ་འཕྲིན་མཐའ་མ་ནི། ཚད་གཞིའི་རླུང་གནོན་མཐོ་ཚད་སྨི3380དང་། ས་ངོས་མྱུར་ཚད་ཆུ་ཚོད་རེར་སྟོང་སྨི1010ཡིན། འཕུར་ཕྱོགས་ཏུའུ117། དེ་རྗེས་ལེ་ཏའི་བརྡ་རྟགས་མེད་པར་གྱུར། 

དོན་རྐྱེན་བྱུང་ཡུལ་དེ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲོའུ་གྲོང་ཁྱེར་ཐེང་རྫོང་ལེང་ནན་གྲོང་རྡལ་མོ་ལང་གྲོང་ཚོའི་ཉེ་འགྲམ་གྱི་ཤར་ལྷོ་ནས་ནུབ་བྱང་དུ་ཕྱོགས་པའི་རི་ཁུག་ཞིག་རེད། ཡུལ་དངོས་ཀྱི་མཐོང་ངོས་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ45དང་གཏིང་ཚད་ལ་སྨི2.7ཡོད་པའི་ཆུ་འཁྱིལ་ས་དོང་ཞིག་ཡོད་པ་དེ་ལྷུངས་ཡུལ་གཙོ་བོར་ངོས་འཛིན་བྱས། གནས་དེ་འཕྲེད་ཐིག་བྱང་མའི23°19′25.52″དང་། གཞུང་ཐིག་ཤར་མའི111°06′44.30″རུ་གནས།  གནམ་གྲུའི་ཆག་རོ་དག་རྡེབ་ཡུལ་གཙོ་བོའི0°ནས150°བར་གྱི་ཁྱབ་ཁོངས་ཀྱི་ས་ངོས་དང་ས་འོག་དུ་རྙེད་པ་རེད། རྡེབ་ཡུལ་གཙོ་བོ་ནས་བར་ཐག་སྤྱི་ལེ12ཀྱི་མཚམས་སུ་གཡས་གཤོག་ཀྱི་སྣེ་དང་གཤོག་ཆུང་ཀྱི་མཇུག་རྙེད།  དོན་རྐྱེན་བྱུང་ཡུལ་དུ་ནགས་རིའི་སྔོ་ཁེབས་མེར་འཚིག་ཤུལ་ཡོད། ཡུལ་དངོས་སུ་ཆུ་ཚད་བརྟན་ལྷིང་ངོས་དང་དྲང་འཕྱང་མཇུག་གཤོག ཁ་སྒྱུར་འཁོར་ལོ། གཡས་གཡོན་གྱི་སྒུལ་ཤུགས་འཕྲུལ་འཁོར། གཡས་གཡོན་གྱི་གཤོག་ཆེན། གནམ་གྲུའི་ལྷུ་ཆེན། འབབ་འཕུར་འཕྲུལ་ཆས། གནམ་གྲུའི་འཁོར་ཁང་གི་ལྷུ་ལག་སོགས་ཆག་རོ་གཙོ་བོ་དག་རྙེད་ཡོད། ཆག་རོ་ཚང་མ་ཡུལ་དངོས་སུ་འཚོལ་བསྡུ་བྱས་རྗེས། ཆེད་སྤྱོད་མཛོད་ཁང་དུ་གཅིག་གྱུར་ཐོག་དབོར་ནས་གཙང་བཤེར་དང་དབྱེ་འབྱེད་བྱས་པ་དང་། གནམ་གྲུའི་དངོས་ཡོད་ཆེ་ཆུང་གི་གནས་སྟངས་ལྟར་བསྒྲིགས་ཏེ་རྗེས་མཐུད་ཀྱི་ཞིབ་བཤེར་དབྱེ་ཞིབ་བྱེད་བདེ་བར་བྱས་ཡོད།  

བརྟག་དཔྱད་བརྒྱུད། གནམ་གྲུའི་འཕུར་སྐྱོད་ཚན་ཁག་དང་། འགྲུལ་ཁང་ཚན་ཁག ཉམས་གསོའི་གཏོང་སྐྱོད་མི་སྣ་བཅས་ཀྱི་ཐོབ་ཐང་བླང་བྱ་དང་མཐུན། དོན་རྐྱེན་བྱུང་བའི་མཁའ་སྐྱོད་འཕྲུལ་ཆས་ཀྱི་འཕུར་འཐུས་ལག་ཁྱེར་ལ་བྱེད་ནུས་ལྡན། གནམ་གྲུ་ཉེ་ཆརAརིམ་པའི(31A)ཞིབ་བཤེར་ཐེངས1བྱས་པ་དང་ཉེ་ཆརCརིམ་པའི(3C)ཞིབ་བཤེར་ཐེངས1བྱས་པ་དེ་ཉམས་གསོ་ཇུས་གཞིའི་ནང་གཏན་འབེབས་བྱས་པའི་ཞིབ་བཤེར་དུས་ཚད་ལས་བརྒལ་མེད། ཉིན་དེའི་འཕུར་སྐྱོད་མ་བྱས་སྔོན་དང་ལམ་ཐུང་འགུལ་སྐྱོད་ཁྲོད་ཆག་སྐྱོན་གྱི་སྙན་ཞུ་མེད་ལ་ཆག་སྐྱོན་གྱི་སྐུམ་འཇོག་མེད། གནམ་གྲུའི་ནང་ཉེན་ཁའི་དངོས་རྫས་སུ་རེ་ཐོ་ཞུས་པའི་དངོས་རྫས་མེད། ཐེངས་འདིར་འཕུར་སྐྱོད་དང་འབྲེལ་བའི་མཁའ་ལམ་ལམ་རྒྱུད་ཀྱི་ཕྱོགས་སྟོན་དང་ལྟ་ཞིབ་སྒྲིག་བཀོད། སྒྲིག་ཆས་བཅས་ལ་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་མེད། ཉེན་ཁ་ཆེ་བའི་གནམ་གཤིས་སྔོན་བརྡ་མེད། འཕུར་སྐྱོད་མཐོ་ཚད་ལས་མ་བརྒལ་སྔོན་ལ། གནམ་གྲུའི་འཕུར་སྐྱོད་ཚན་ཁག་དང་མཁའ་སྐྱོད་དོ་དམ་སྡེ་ཁག་གི་སྐུད་མེད་གློག་འཕྲིན་དང་དོ་དམ་བཀོད་འདོམས་ལ་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་མེད། ཆེས་མཐའི་རྒྱུན་ལྡན་གྱི་སྐམ་མཁའི་ཁ་པར་བཏང་བའི་དུས་ཚོད་ནི་ཆུ་ཚོད14:16རེད། གནམ་གྲུའི་སྟེང་གི་ཟིན་འགོད་འཕྲུལ་ཆས་གཉིས་ལ་ཆག་སྐྱོན་ཚབས་ཆེན་ཐེབས་པའི་རྐྱེན་གྱིས་གཞི་གྲངས་སླར་གསོ་དང་དབྱེ་ཞིབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན། 

རྗེས་མཐུད། ལག་རྩལ་བརྟག་དཔྱད་ཚོ་ཆུང་གིས་མུ་མཐུད་དུ་འབྲེལ་ཡོད་གོ་རིམ་གཞིར་བཟུང་ཆག་ཤུལ་དབྱེ་འབྱེད་དང་། རིགས་དབྱེ་དང་ཞིབ་བཤེར། འཕུར་སྐྱོད་གྲངས་གཞིའི་དབྱེ་ཞིབ། དགོས་ངེས་ཀྱི་ཚོད་ལྟ་ར་སྤྲོད་སོགས་ཀྱི་བརྟག་དཔྱད་ལས་དོན་གཏིང་ཟབ་ངང་སྤེལ་ནས་དོན་རྐྱེན་འབྱུང་རྐྱེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རྩད་གཅོད་ནན་མོ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།