ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་མོ་ཧན་མོ་ཏི་བརྒྱུད་དེ་རྒྱལ་པོ་ས་ལེ་མན་ལ་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་སྔར་ལས་མངོན་གསལ་དོད་པོ་ཅན་དུ་འགྲོ་བཞིན་ཡོད།  འདས་ཟིན་པའི་ལོ་གཅིག་གི་ནང་དུ། ཀྲུང་གོ་དང་སོ་ཏི་ཨ་རབ་ཕྱོགས་གཉིས་ཀས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་འབྲེལ་བ་སྔོན་ལ་འཕེལ་རྒྱས་བཏང་སྟེ། སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་ཟམ་མི་ཆད་པར་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་ལ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་དང་། སོ་ཏི་ཨ་རབ་ཕྱོགས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་ཕུགས་འདུན་ལ་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་ནུས་ཁུངས་མཉམ་ལས་དང་དཔལ་འབྱོར་ཉོ་ཚོང་། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་ཀྱི་རྣམ་པ་བསྐྲུན་དགོས།  ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་ཀྱི་དབུས་ཤར་ས་ཁུལ་ལྗང་མདོག་ཅན་དུ་བསྒྱུར་བ་ཞེས་པའི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་དང་། སོ་ཏི་ཨ་རབ་ཕྱོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྨང་གཞི་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་མཚོ་ཁུགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་ཆོད་སྔ་མོ་ནས་འཇོག་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པར་ཁ་ཕྱོགས་པའི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད།

མོ་ཧན་མོ་ཏི་ཡིས་བསྟན་དོན། ཀྲུང་གོ་ནི་སོ་ཏི་ཨ་རབ་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། སོ་ཏི་ཨ་རབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་ཕུགས་འདུན་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྦྲེལ་མཐུད་གྲོས་མཐུན་སྟེང་མིང་རྟགས་བཀོད་དེ། དཔལ་འབྱོར་ཉོ་ཚོང་དང་འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་དྲང་བདེན་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཨ་རབ་མནའ་འབྲེལ་དང་མཚོ་ཁུགས་མཉམ་ལས་ཀྱིས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད།

རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ཀྱང་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།