ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་སྤྱི་ཁོག་དཔལ་འབྱོར་གྱི་སྡེར་ཆེན་བརྟན་བརླིང་ཡོང་བ་བྱས་ཏེ་དམངས་འཚོར་འགན་ལེ་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཁེ་ཆང་གིས་ཅང་ཞུ་རུ་རྟོག་ཞིབ་གནང་སྐབས་གང་མགྱོགས་ངང་ད་ཡོད་ཀྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱས་ནས་སྤྱི་ཁོག་དཔལ་འབྱོར་བརྟན་བརླིང་ཡོང་བར་བྱས་ཏེ་དམངས་འཚོར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས11ཉིན་ནས12ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཅང་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱི་ལེན་ཧུང་དང་ཧྲིན་ཀྲང་ཡེ་ཅན་ཁྲུན་གྱི་ཕེབས་རོགས་འོག ནན་ཁྲང་དང་ཧྲང་རའོ་རུ་རྟོག་ཞིབ་གནང་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། གང་མགྱོགས་སྒོས་ཁེ་ལས་ལ་རོགས་རམ་དང་དཀའ་ཁག་སེལ་བའི་ད་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་སྔོན་དཔག་ལས་བརྒལ་བའི་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་བྱེད་པ། ལས་ཞུགས་བརྟན་བརླིང་དང་ཟོག་གོང་བརྟན་བརླིང་ཡོང་བ། སྤྱི་ཁོག་དཔལ་འབྱོར་བརྟན་བརླིང་ཡོང་བ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ནས་དམངས་འཚོར་འགན་ལེན་ཏན་ཏིག་བྱེད་དགོས། 

 འདི་ནི་ཟླ4པའི་ཚེས12ཉིན་ལི་ཁེ་ཆང་གིས་ཧིན་ཧྥིང་རྫོང་ཏིང་ཅ་སྡེ་བར་ཆུ་འབྲས་འདེབས་འཛུགས་ལ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད། 

 ཀན་ཅང་གཙང་པོའི་ཝེ་ལུའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ཡུལ་དངོས་སུ། ལི་ཁེ་ཆང་གིས་ཅང་ཞིའི་ཆུ་བེད་འཛུགས་སྐྲུན་གྱི་སྙན་ཞུ་གསན་ཞིང་། ལས་གྲྭ་བསྐྲུན་རྗེས་ཀྱི་འཚོ་བའི་ཆུ་མཁོ་འདོན་དང་ཆུ་འདྲེན། ཆུ་ཐོག་སྐྱེལ་འདྲེན་སོགས་ཀྱི་བྱེད་ནུས་ལ་ཤེས་རྟོགས་གནང་བ་རེད། ཁོས་བཤད་རྒྱུར། ཆུ་བེད་ལས་གྲྭ་ནི་དམངས་ཕན་དང་འཕེལ་རྒྱས་ཀྱི་ལས་གྲྭ་ཞིག་ཡིན། མིག་སྔར་ཕན་ཐོགས་ཆེ་ཞིང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་ཀྱང་བསྐྲུན་ཐུབ། ཆེད་དམིགས་རྣམ་གྲངས་ཀྱི་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཇེ་མགྱོགས་དང་། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་མཐོར་འདེགས། རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆ་རྐྱེན་འཛོམས་པའི་རྣམ་གྲངས་འཛུགས་སྐྲུན་གྱིས་ལས་གྲྭའི་སྤུས་ཚད་ལ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཁྱོན་ཡོངས་ནས་ནུས་ལྡན་མ་འཇོག་གི་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ལས་ཞུགས་སྐུལ་ཁྲིད་བྱེད་དགོས་ལ། ལྷག་པར་དུ་ཞིང་པ་ཞོར་ལས་པར་ལས་ཞུགས་ཀྱི་གོ་སྐབས་སྔར་བས་མང་པོ་མཁོ་འདོན་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས། དེར་ཡོད་ཀྱི་ཞིང་པ་ཞོར་ལས་པས་ལས་སྣོན་མང་ཙམ་བྱེད་འདོད་ཡོད་དེ་ཡོང་འབབ་ཀྱང་ཇེ་མང་དུ་འགྲོ་ངེས་པས་ཡིན་ཞེས་བཤད་པ་དང་། ལི་ཁེ་ཆང་གིས་ཀྲུང་གོའི་མི་རྣམས་ལས་ལ་བརྩོན་པ་ཆེ། ཁྱེད་ཚོས་དཀའ་སྤྱད་དང་རྔུལ་ཆུ་བཏོན་པར་ཡོང་སྒོའང་འོས་འཚམ་ཞིག་ཐོབ་འོས་ཞེས་བཤད། 

འདི་ནི་ཟླ4པའི་ཚེས12ཉིན་ལི་ཁེ་ཆང་གིས་ཅི་ལི་ནུས་རྒྱུ་གསར་བའི་ཚོང་དོན་རླངས་འཁོར་ཀུང་ཟི་རུ་རྟོག་ཞིབ་གནང་བཞིན་བའི་ཚུལ་རེད།

ལི་ཁེ་ཆང་གིས་ཅང་ཞི་ཡི་ལས་ཞུགས་བརྟན་བརླིང་དང་ལས་གཏོད་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན། ཁོང་ནན་ཁྲང་གི་རྒྱལ་མཚམས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་ལས་གཏོད་གླིང་དུ་ཕེབས་ནས་ལས་གཏོད་པ་དང་གླེང་མོལ་བྱས། ཁེ་ལས་ཁག་ཅིག་གིས་དངུལ་སྨར་འཁོར་རྒྱུག་མི་འདང་བའི་གནས་ཚུལ་བཤད་པར། ལི་ཁེ་ཆང་གིས་འབྲེལ་ཡོད་འགན་འཁུར་བར་ཁེ་ལས་ཁག་ཅིག་དང་ལྷག་པར་དུ་དམིགས་བསལ་དཀའ་ཁག་ཡོད་པའི་ལས་རིགས་ཀྱི་ཁེ་ལས་ནི་འཚོ་གནས་དང་འཕེལ་རྒྱས་ཀྱི་འགག་སྒོ་གལ་ཆེན་དུ་ཡོད་པས། མ་དངུལ་གྱི་གནོན་ཤུགས་ཆུང་དུ་གཏོང་བའི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་ཞིབ་འཇུག་བྱ་རྒྱུར་དམ་འཛིན་བྱེད་དགོས་ཞེས་བཤད། ཁོང་མའེ་ཧྥན་ཚན་རྩལ་ཀུང་སིར་ཕེབས་ནས། ཁེ་ལས་ཀྱིས་ལས་སྟེགས་བརྒྱུད་དེ་དྲ་ཐོག་ཚོང་དོན་གྱི་ལས་གཏོད་པར་དངོས་སྤྱོད་གསོ་སྦྱོང་བྱས་ཏེ། ལས་སྟེགས་འཕེལ་རྒྱས་ཡག་པོ་བཏང་ནས་མི་སྔར་བས་མང་པོས་ལས་གཏོད་དང་ལས་ཞུགས་བྱེད་རོགས་བྱེད་དགོས་པའི་སྐུལ་ལྕག་གནང་། ལི་ཁེ་ཆང་གིས་བཤད་རྒྱུར། བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་ལས་ཆེ་བར་སྐུལ་སློང་བྱས་ཏེ། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་ལས་རྣམ་གསར་པ་དང་བྱ་ཐབས་གསར་པ་ཐོན་པར་བྱེད་དགོས། ལས་གཏོད་བྱེད་མཁན་ནི་ཁྲོམ་རར་འཛུལ་ཕོད་པ་དགོས་ལ། ཁ་དན་ཚིག་ལ་ཡང་གནས་དགོས། དེ་ལྟར་བྱས་ན་སྔར་ལས་ལེགས་པ་དང་སྔར་ལས་རྒྱང་ཐག་རིང་པོར་འགྲོ་ཐུབ། 

ལི་ཁེ་ཆང་ཧིན་ཧྥུང་རྫོང་ཏི་ཅ་སྡེ་བར་ཕེབས་ནས་ཆུ་འབྲས་འདེབས་འཛུགས་ལ་རྟོག་ཞིབ་གནང་། རྒྱལ་ཁབ་ཀྱི་ཞིང་ལས་རྒྱུ་ཆའི་ཁ་གསབ་དང་ས་གནས་ཆ་སྒྲིག་རོགས་སྐྱོར་ཞིང་པའི་ལག་ཏུ་འཕྲོད་པ་ཤེས་རྗེས་ཁོང་གིས་ཁས་ལེན་གང་ལེགས་གནང་། ལི་ཁེ་ཆང་གིས་བཤད་རྒྱུར། འབྲུ་རིགས་འདེབས་པར་ཕན་ཁེ་ཡོད་དགོས་ལ། ཟས་ཕོར་ལག་ཏུ་བརྟན་པོར་འཛིན་དགོས། མུ་མཐུད་དུ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་ལྷག་པར་དུ་དམིགས་བསལ་གྱི་རིགས་སྣ་དཀོན་པའི་མཁོ་སྤྲོད་ལ་འགན་ལེན་དང་རིན་གོང་བརྟན་བརླིང་ཡོང་བར་དམ་འཛིན་བྱེད་དགོས། ད་ལོའི་སྟོན་འབྲུ་འདེབས་སྐབས་གལ་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་སྔར་བཞིན་མཐོ་ན། རྒྱལ་ཁབ་ཀྱིས་ད་དུང་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་བྱ་ཐབས་གསར་པ་སྤྱོད་རྒྱུ་ཡིན། འབྲུ་རིགས་འཛོམས་ན་གནམ་འོག་བདེ་བས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། ཧྲང་རའོ་ཡི་ཆུ་འབྲས་འདེབས་འཛུགས་ལ་ལོ་རྒྱུས་ཡུན་རིང་ལྡན། “མྱུག་ལྗང་ཞིང་ཁར་ལོ་ལེགས་གླེང” ད་ལྟ་རྨོ་འདེབས་མང་ཙམ་བྱས་ན། ཟླ་ངོ་འགའ་ཡི་རྗེས་ནས་འབྲས་བུ་མང་ཙམ་ཐོབ་ཐུབ། 

 ཅི་ལི་ནུས་རྒྱུ་གསར་པའི་ཚོང་དོན་རླངས་འཁོར་ཀུང་སིར། ལི་ཁེ་ཆང་གིས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པར་གཟིགས་ཞིབ་གནང་ཞིང་། ཁོང་གིས་ནུས་རྒྱུ་གསར་པ་འཕེལ་རྒྱས་བཏང་ན། ནུས་རྒྱུ་སྣ་མང་ཅན་དང་ནུས་རྒྱུ་འགན་ལེན་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པས། སྤུས་ཚད་མཐོ་བ་དང་བདེ་འཇགས་ལྡན་པ། ཁྲོམ་རར་དགོས་མཁོ་ཆེ་བ་བཅས་ཀྱི་ཐོན་རྫས་གསར་པ་སྔར་བས་མང་པོ་འདོན་དགོས་ཞེས་བཤད། ལི་ཁེ་ཆང་གིས་ཡུལ་དངོས་སུ་ཡོད་པའི་ཆ་སྒྲིག་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་བཅས་ཀྱི་འགན་འཁུར་བ་དང་གླེང་མོལ་བྱས། ཁེ་ལས་ཀྱིས་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་ནི་དུས་ཐོག་ཆར་པ་དང་། འཁྱག་དུས་ཀྱི་གོས་དང་ལྟོགས་དུས་ཀྱི་ཟས་ལྟ་བུ་རེད། མིག་སྔར་ད་དུང་ཟོག་འདྲེན་ལ་འགོག་རྐྱེན་འཕྲད་པ་དང་ཟོག་འགྲེམས་ཡག་པོ་མེད་པ། ཐོན་རྫས་དབོར་མི་ཐུབ་པའི་དབང་གིས་མཛོད་ཉར་བྱེད་ཚད་མང་དུ་ཕྱིན་ཡོད་པ་སོགས་བཤད་པས། ལི་ཁེ་ཆང་གིས་བཤད་རྒྱུར། ཁྲལ་སློག་གི་མྱུར་ཚད་སྔར་བས་ཇེ་མགྱོགས་སུ་བཏང་ནས། གང་མགྱོགས་སྒོས་ཁེ་ལས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་རེག་ཏུ་འཇུག་དགོས། གོ་རིམ་ལྡན་པའི་ངང་འགྲིམ་འགྲུལ་རྐང་འཛིན་དྲ་རྒྱ་དང་སྡེབ་སྐྱེལ་འཁོར་རྒྱུག་ཐུབ་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཟོག་འགྲེམས་ཤར་བགྲོད་ཐུབ་པར་ཁག་ཐེག་བྱས་ཏེ། ཐོན་ལས་སྦྲེལ་ཐག་བརྟན་བརླིང་ཡོང་བར་འགན་ལེན་བྱེད་དགོས། ཁེ་ལས་ཀྱིས་རྒྱང་རིང་ལ་འཆར་གཞི་བཟོས་ཏེ་ལས་བཟོ་བ་དང་བདེ་སྡུག་མཉམ་གནས་བྱས་ནས་ལས་གནས་བརྟན་བརླིང་ཡོང་གང་ཐུབ་བྱེད་དགོས།

ལི་ཁེ་ཆང་གིས་ཅང་ཞི་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། ས་ཁོངས་སོགས་ཀྱི་ལེགས་ཆ་སྔར་ལས་ལེགས་པོའི་སྒོ་ནས་འདོན་སྤེལ་དང་། དངོས་སྒྲུབ་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཟེར།

ཞའོ་ཅེ་ཡིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།