ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་དབྱི་ཐ་ལིའི་གྲོས་ཁང་གོང་མའི་གྲོས་དཔོན་ཁཱ་སའེ་ལ་ཏི་དང་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས12ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་དབྱི་ཐ་ལིའི་གྲོས་ཁང་གོང་མའི་གྲོས་དཔོན་ཁཱ་སའེ་ལ་ཏི་དང་ཐུག་འཕྲད་གནང་བ་རེད།

2.jpg

ཟླ4པའི་ཚེས12ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་དབྱི་ཐ་ལིའི་གྲོས་ཁང་གོང་མའི་གྲོས་དཔོན་ཁཱ་སའེ་ལ་ཏི་དང་ཐུག་འཕྲད་གནང་།

ཝང་དབྱང་གིས་བཤད་རྒྱུར། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་མཛའ་གྲོགས་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་ཐང་ངང་འཕེལ་རྒྱུས་སུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ལེ་ལ་དང་ཙུང་ལི་ཏེ་ལ་ཅི་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་དང་འཆར་འགོད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་མགོ་ཁྲིད་པའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། མི་མངོན་པའི་མཉམ་ལས་ཐད་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཛའ་གྲོགས་མུ་མཐུད་དུ་རྒྱུན་འཛིན་དང་། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དབྱི་ཐ་ལི་གྲོས་ཁང་གོང་མའི་འགྲོ་འོང་དང་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་དབྱི་ཐ་ལི། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་། 

ཁཱ་སའེ་ལ་ཏི་ཡིས་བཤད་རྒྱུར། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་རྒྱ་ཆེར་བཏང་ནས། ཧུར་ཐག་གིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་འདོད་ཡོད། དབྱི་ཐ་ལིའི་གྲོས་ཁང་གོང་མས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་དུ་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་འདོད་ཡོད་ཅེས་བཤད།

ལི་པིན་དང་ཀུའུ་ཧྲེང་ཙུའུ་ཐུག་འཕྲད་ཚོགས་འདུའི་ནང་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།