ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཚད་གཞི་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་དམར་འདོན་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་སློབ་གསོ་པུའུ་ཡིས་སྐོར་དགུ་པའི་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་ཁག་བདུན་ཡོངས་བསྒྲགས་དམར་འདོན་བྱས། སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་དཔེ་མཚོན་གྱོད་དཔེ་དང་འབྲེལ་བ་ཡོད་པའི་དགེ་རྒན7ཚང་མར་ཐག་གཅོད་ནན་མོ་བྱས་པ་དེ་ཐོག་ནས་ས་གནས་ཁག་དང་སློབ་གྲྭ་ཁག་གིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཀྱི་ཚད་གཞི་བཅུ་ཡི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དགེ་རྒན་གྱི་བསམ་བློ་ཆབ་སྲིད་དང་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐའ་ཚད་ཀྱི་དམར་ཐིག་དམ་དུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་ཞན་པའི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་བཅས་ཀྱི་རྣམ་འགྱུར་བརྟན་པོ་མཚོན་ཡོད་ཞེས་བསྟན།

སློབ་གསོ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ནན་གྱིས་བསྟན་དོན། ད་ལོ་ནི་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཁྲོད་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད། སློབ་གསོའི་འཐབ་ཕྱོགས་ཀྱིས་ནན་ཏན་གྱིས་དགེ་རྒན་ཀུན་སྤྱོད་ཀྱི་ཚད་གཞི་ཨང་དང་པོར་བཟུང་ནས་དགེ་རྒན་གྱི་བསམ་བློ་ཆབ་སྲིད་དང་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་དགོས།ས་གནས་ཁག་གི་སློབ་གསོ་སྡེ་ཚན་དང་སློབ་གྲྭས་ཏང་ཀྲུང་དབྱང་གི་དགེ་རྒན་གྱི་བསམ་བློ་ཆབ་སྲིད་དང་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོ་དང་ལྷག་པར་དུ་ཉེན་ཟོན་སློབ་གསོ་སྤེལ་ནས་ཉེན་བརྡ་རྒྱུན་སྒྲོག་བྱེད་དགོས། དགེ་རྒན་གྱི་ཀུན་སྤྱོད་ལ་བསྔགས་སྐུལ་དང་བྱ་དགའ་ཆད་གཅོད། དཔྱད་འཇོག་ལམ་ལུགས་བཅས་འཐུས་ཚང་དུ་བཏང་ནས་དགེ་རྒན་གྱི་ཀུན་སྤྱོད་དེ་དགེ་རྒན་གྱི་ཐོབ་ཐང་དུས་བཀག་ལྟར་ཐོ་འགོད་དང་གདན་ཞུ་ནང་འདྲེན། གོ་མིང་དཔྱད་འཇོག གཟེངས་བསྟོད་ལེགས་འདེམས་སོགས་ཀྱི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་ཨང་དང་པོར་བརྩི་དགོས། དགེ་རྒན་གྱི་ཀུན་སྤྱོད་མི་ལེགས་པ་ལ་སྒྲིག་སྲོལ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་དང་། དགེ་རྒན་གྱི་ཀུན་སྤྱོད་མི་ལེགས་པའི་བྱ་སྤྱོད་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པའི་དགེ་རྒན་ལ་དགེ་རྒན་གྱི་བཅའ་ཁྲིམས་དང་དགེ་རྒན་ཐོབ་ཐང་སྲོལ་ཡིག་གཞིར་བཟུང་བཅའ་ཁྲིམས་ལྟར་དགེ་རྒན་དེའི་ཐོབ་ཐང་མེད་པར་བཟོ་བའམ་ཕྱིར་འཐེན་བྱ་རྒྱུ་དང་། དགེ་རྒན་གྱི་ཐོབ་ཐང་ཚོད་འཛིན་མཛོད་དུ་བཅུག་སྟེ་དགེ་རྒན་གྱི་དཔུང་ཁག་ལས་མེད་པར་བཟོ་དགོས། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སློབ་གྲྭའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་སྲིད་འཛིན་གྱི་འགན་འཁུར་བ་གཙོ་བོའི་འགན་འཁྲི་གཟབ་ནན་དུ་བཏང་སྟེ། ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དགེ་རྒན་དཔུང་ཁག་གི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།