ཀྲུང་གོ་བོད་ཀྱི་དྲ་བ།

ཕེང་ལི་ཡོན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི2022ལོའི་འཛམ་གླིང་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོའི་བརྙན་ལམ་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས24ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླའམ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འདུས་འདྲིལ་གཅོང་ནད་དང་ཨེ་ཙིའི་འགོ་ནད་འགོག་བཅོས་ཀྱི་མཐུན་འབྲེལ་གཞུང་ཚབ་ཆེན་མོ་ཕེང་ལི་ཡོན་གྱིས་གདན་ཞུས་ལྟར2022ལོའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོའི་བརྙན་ལམ་ཚོགས་འདུའི་ཐོག་ཤིས་ཚིག་གསུངས་པ་རེད།

ཕེང་ལི་ཡོན་གྱིས་ཉེ་བའི་ལོ་ཤས་རིང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྐུལ་འདེད་ཧུར་ཐག་བཏང་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་གོ་ལ་ཧྲིལ་པོའི་འདུས་འདྲིལ་གཅོང་ནད་འགོག་བཅོས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་སྲིད་གཞུང་གིས་འདུས་འདྲིལ་གཅོང་ནད་འགོག་བཅོས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལས་དོན་དེ་བདེ་ཐང་ཀྲུང་གོའི་འཐབ་ཇུས་ནང་བཅུག་ནས་ཆེད་དོན་གྲོན་དངུལ་བཀོད་སྒྲིག་བྱས་ཏེ་ནད་པར་རིན་མེད་ངང་བརྟག་དཔྱད་ཞབས་ཞུ་དང་སྨན་བཅོས་མཁོ་འདོན་བྱས་པས། འདུས་འདྲིལ་གཅོང་ནད་ཕོག་པའི་ནད་པ་དྲག་སྐྱེད་བྱུང་ཚད90%ཡན་ལ་སླེབས་པ་རྒྱུན་འཁྱོངས་བྱས་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས། འདུས་འདྲིལ་གཅོང་ནད་ཕོག་པའི་ནད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། རིམས་ནད་ཀྱིས་རྐྱེན་པས་སྨན་བཅོས་བྱེད་མཚམས་མི་ཆད་པར་འགན་ལེན་བྱས་ཡོད་ཞེས་བསྟན།

ཕེང་ལི་ཡོན་གྱིས་བསྟན་དོན། ང་རང་འདུས་འདྲིལ་གཅོང་ནད་འགོག་བཅོས་ལས་དོན་ནང་ཞུགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་། སྨན་བཅོས་སྒྲིག་གཞི་དང་སློབ་གྲྭ གཞིས་ཁུལ་བཅས་མི་ཉུང་བ་ཞིག་ལ་བཅར་འདྲི་བྱས་ཤིང་། དེའི་སྐབས་སྨན་བཅོས་ལས་དོན་པ་དང་དང་བླངས་པ་ཁྲི་སྟོང་མང་པོས་བརྩེ་སེམས་དང་བྱ་སྤྱོད་དངོས་ལ་བརྟེན་ནས་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་མཐོང་བྱུང་། ངས་ནམ་ཡིན་ཡང“ངལ་བ་སྔོན་འགོག་བྱེད་མཁན་ཡག་ཤོས”ཏེ་ལོ་དགུ་བཅུ་ལས་བརྒལ་བའི་ཀྲུང་གོའི་སྨན་པའམ་དགེ་རྒན་ཆེན་མོ་བ་མཱ་ཡུས་དྲན་གྱིན་ཡོད། ཁོ་མོས་འདུས་འདྲིལ་གཅོང་ནད་སྨན་བཅོས་དང་ཚན་རིག་ཞིབ་འཇུག སློབ་ཁྲིད་བཅས་ཀྱི་ལས་ཀ་བསྒྲུབས་ནས་ལོ་ངོ60ལྷག་སོང་རིང་། རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་སྨན་པའི་བརྩེ་སེམས་ལ་བརྟེན་ནས་ནད་པ་མང་པོར་བདེ་ཐང་དང་རེ་བ་གསར་པ་སྦྱིན་ཡོད། ཀྲུང་གོར་ད་དུང་དང་བླངས་པ་ཁྲི100ལྷག་ཡོད་པ་དང་། ཁོང་ཚོས་མང་ཚོགས་ལ་འདུས་འདྲིལ་གཅོང་ནད་འགོག་བཅོས་ཤེས་བྱ་ཁྱབ་གདལ་བཏང་ནས་ནད་པར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པ་དེ་དྲོད་སྐྱིད་ལྡན་པའི་དཔྱིད་རླུང་དང་འདྲ་བར་མི་རྣམས་ལ་བྱམས་སྐྱོང་དང་བརྩེ་སེམས་བརྒྱུད་སྤེལ་བྱས་ཡོད།

ཕེང་ལི་ཡོན་གྱིས་འདུས་འདྲིལ་གཅོང་ནད་འགོག་བཅོས་ལ་གྲུབ་འབྲས་ཧ་ཅང་མང་པོ་ཐོབ་ཡོད་མོད། འོན་ཀྱང་འདུས་འདྲིལ་གཅོང་ནད་ནི་སྔར་བཞིན་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་གོ་ལ་རང་བཞིན་གྱི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་ཞིག་རེད། པྲོག་གསར་གློ་ཚད་ནད་ཡམས་ཀྱི་ཤུགས་རྐྱེན་ཐེབས་པས་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ལས་འགན་སྔར་བས་དཀའ་ཚེགས་ཆེ་རུ་ཕྱིན་ཡོད།འགྲན་སློང་གསར་པའི་མདུན་དུ་ང་ཚོར་ངེས་པར་དུ་ཡིད་ཆེས་དང་བརྩེ་སེམས། སྙིང་རུས་བཅས་ཡོད་དགོས། ངས་སེམས་ནུས་ཡོད་རྒུ་བཏོན་ནས་དེའི་ཐད་འབད་བརྩོན་བྱ་རྒྱུ་ཡིན། ངས་རྒྱལ་ཁབ་ཁག་གིས་འདུས་འདྲིལ་གཅོང་ནད་འགོག་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་ཕན་འབྲས་ལྡན་པའི་མཉམ་ལས་བྱེད་པར་རེ་སྒུག་བྱས་ཡོད། ང་ཚོས་ལག་གདང་མཉམ་སྦྲེལ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱི་བདེ་ཐང་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་མཉམ་དུ་གཏོད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།