ཀྲུང་གོ་བོད་ཀྱི་དྲ་བ།

ན་ནིང་རྒྱལ་ཡོངས་སུ་གསར་རྩོམ་བདག་དབང་ཐོ་འགོད་བྱས་པ་ཁྲི620ལྷག་ཟིན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་པར་དབང་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་རང་རྒྱལ་གྱི་གསར་རྩོམ་བདག་དབང་གི་ཐོ་འགོད་གྲངས་འབོར་རྒྱུན་མཐུད་ངང་འཕར་ནས་རྒྱལ་ཡོངས་ཀྱི་གསར་རྩོམ་བདག་དབང་ཐོ་འགོད་བསྡོམས་འབོར་6264378ཟིན་པ་དེ་དུས་མཉམ་ལས24.30%འཕར་ཡོད།

རྒྱལ་ཡོངས་ཀྱི་བརྩམས་ཆོས་གསར་རྩོམ་གྱི་བདག་དབང་ཐོ་འགོད་བྱེད་ཚད་སྤྱིའི་ཆ་ནས་བརྟན་བརླིང་ངང་འཕར་བའི་རྣམ་པ་མངོན་ཡོད། 2021ལོར་རྒྱལ་ཡོངས་སུ་ཁྱོན་བསྡོམས་བརྩམས་ཆོས་ཀྱི་གསར་རྩོམ་བདག་དབང་ཐོ་འགོད་ལེགས་འགྲུབ་བྱེད་ཚད3983943ཟིན་པ་དེ་དུས་མཉམ་ལས20.13%འཕར་ཡོད། ཐོ་འགོད་བྱེད་ཚད་ཅུང་མང་བ་ནི་པེ་ཅིང་དང་ཀྲུང་གོ་པར་དབང་སྲུང་སྐྱོང་ལྟེ་གནས། ཅང་སུའུ། ཧྲང་ཧའེ། ཧྲན་ཏུང་།ཀུའེ་ཀྲོའུ་བཅས་རེད། གོང་གསལ་གྱི་དེ་དག་གི་ཐོ་འགོད་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཐོ་འགོད་བསྡོམས་འབོར་གྱི67.82%ཟིན་ཡོད། 2020ལོ་དང་བསྡུར་ན། ཧུའུ་ནན་དང་ཧོ་པེ། ཡུན་ནན། ཨན་ཧུའེ་སོགས་ཞིང་ཆེན་གྱི་བརྩམས་ཆོས་གསར་རྩོམ་བདག་དབང་ཐོ་འགོད་བྱེད་ཚད་ཀྱི་འཕར་ཚད་ཚང་མ100%ལས་བརྒལ་བ་དང་། ཀན་སུའུ་དང་ཧའེ་ནན། ནང་སོག ཧོ་ནན། ཧུའུ་པེ་སོགས་ཞིང་ཆེན་གྱི་བརྩམས་ཆོས་གསར་རྩོམ་གྱི་བདག་དབང་ཐོ་འགོད་བྱེད་ཚད50%ལས་བརྒལ་ཡོད།

བརྩམས་ཆོས་ཀྱི་རིགས་ལ་བལྟས་ན། ཐོ་འགོད་བྱེད་ཚད་ཆེས་མང་ཤོས་ཀྱི་མཛེས་རྩལ་བརྩམས་ཆོས་ལ167092ཡོད་པ་དེས་ཐོ་འགོད་བསྡོམས་འབོར་གྱི41.92%ཟིན་ཡོད། གཉིས་པ་ནི་པར་ལེན་བརྩམས་ཆོས་1553318ཡོད་པ་དེས་ཐོ་འགོད་བསྡོམས་འབོར་གྱི38.99%ཟིན་ཡོད། གསུམ་པ་ནི་ཡི་གེའི་བརྩམས་ཆོས་295729ཡོད་པ་དེས་ཐོ་འགོད་བསྡོམས་འབོར་གྱི7.42%ཟིན། བཞི་པ་ནི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས244538ཡོད་པ་དེས་ཐོ་འགོད་བསྡོམས་འབོར་གྱི6.14%ཟིན་ཡོད། གོང་གསལ་བརྩམས་ཆོས་དེ་དག་གི་གསར་རྩོམ་བདག་དབང་ཐོ་འགོད་བྱེད་ཚད་ཀྱིས་ཐོ་འགོད་བསྡོམས་འབོར་གྱི94.47%ཟིན་ཡོད།

ཀྲུང་གོ་པར་དབང་སྲུང་སྐྱོང་ལྟེ་གནས་རྩིས་འཁོར་མཉེན་ཆས་ཀྱི་གསར་རྩོམ་བདག་དབང་ཐོ་འགོད་ཆ་འཕྲིན་བསྡོམས་རྩིས་ལ་གཞིགས་ན། 2021ལོར་རྩིས་འཁོར་གྱི་མཉེན་ཆས་ཀྱི་གསར་རྩོམ་བདག་དབང་ཐོ་འགོད་ལེགས་འགྲུབ་བྱེད་ཚད2280063ཡོད་པ་དེ་དུས་མཉམ་ལས32.34%འཕར་ཡོད།

ཀྲུང་གོ་པར་དབང་སྲུང་སྐྱོང་ལྟེ་གནས་བརྩམས་ཆོས་བདག་དབང་གཏའ་དབང་ཐོ་འགོད་ཆ་འཕྲིན་བསྡོམས་རྩིས་བྱས་པར་གཞིགས་ན། 2021ལོར་རྒྱལ་ཡོངས་སུ་བརྩམས་ཆོས་བདག་དབང་གི་གཏའ་དབང་ཐོ་འགོད་ལེགས་འགྲུབ་བྱས་པ372ཡོད་པ་དང་། དེ་དུས་མཉམ་ལས3.13%ཆག་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།