པེ་ཅིན་གྱི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ངང་མགོ་བརྩམས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས4ཉིན་གྱི་དགོང་མོར། པེ་ཅིན་གྱི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་པའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མགོ་རྩོམ་པའི་མཛད་སྒོར་ཞུགས། ཞིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།

ཚེ་སྲོག་གི་མཚར་སྡུག་རྣམ་པར་བཞད། ། ལྷོད་མེད་ཀྱི་རྒྱུན་འཁྱོངས་གུས་པས་བསྟོད། ། པེ་ཅིན་གྱི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་མཛད་སྒོ་ཚེས4ཉིན་གྱི་དགོང་མོར་རྒྱལ་ཁབ་ལུས་རྩལ་ར་བར་གཟབ་རྒྱས་ངང་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་པེ་ཅིན་གྱི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་གནང་།

ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱ་སིན་སི་མགོ་རྩོམ་མཛད་སྒོར་ཞུགས།

དབང་པོ་སྐྱོན་ཅན་གྱིས་འཛམ་གླིང་ཧྲིལ་པོའི་སྤྱིའི་མི་འབོར་ཁྲོད་བསྡུར་གྲངས་ཧ་ལམ15%ཟིན་ཞིང་། བདེ་སྡུག་མཉམ་མྱོང་གི་མིའི་རིགས་ལས་དབང་གཅིག་མཐུན་ཚོགས་པའི་གྲུབ་ཆ་གལ་ཆེན་ཡིན། པེ་ཅིན་གྱི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ནི། པེ་ཅིན་གྱི2008ལོའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སུ་ཀྲུང་གོས་སྤེལ་བའི་གོ་ལ་ཧྲིལ་པོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་གསོལ་སྟོན་ཆེན་མོ་ཞིག་ཡིན།

རྒྱལ་ཁབ་ལུས་རྩལ་ར་བར་གློག་སྒྲོན་སྣ་ཚོགས་ཀྱི་འོད་མདངས་ཆེམ་ཆེམ་དུ་འཕྲོ། དུས་ཚོད19དང་སྐར་མ57གྱི་སྟེང་། པེ་ཅིན་གྱི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས་ལུས་རྩལ་ར་བའི་དཀྱིལ་དབུས་ཀྱི་ས་ཡོལ་ཆེན་མོའི་སྟེང་འཆར་འོང་ཞིང་། 《ཞི་བདེ—ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་དབྱངས་རྟའི་ཁྲོད་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་ཕཱ་སིན་སི་སོགས་དང་ལྷན་དུ་ཀྲུའུ་ཞིའི་སྟེགས་བུར་ཕེབས་ཏེ་ལྟད་མོ་པ་རྣམས་ལ་ཕྱག་བརྡ་གནང་ནས་འཚམས་འདྲི་ཞུས་པ་དང་། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲས་ཁེངས།

སྙན་སྒྲོན་པས་ལྟད་མོ་པ་རྣམས་ལ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱ་སིན་སི་ལགས་ངོ་སྤྲོད་བྱས་པ་དང་། ཞི་ཅིན་ཕིང་དང་ཕཱ་སིན་སི་གཉིས་ཀྱིས་ཚང་མར་ཕྱག་བརྡ་གནང་སྟེ་འཚམས་འདྲི་ཞུས་ལ། ཚོགས་ར་ཡོངས་སུ་ཡང་བསྐྱར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།

དབང་པོ་སྐྱོན་ཅན་གྱི་གླུ་གཞས་མཉམ་ལེན་ཚོགས་པའི《ང་དང་ང་ཡི་མེས་རྒྱལ》ཞེས་པའི་བརྩེ་བ་ཟབ་མོའི་གླུ་སྐད་ཀྱི་ཁྲོད་དུ། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་བྱས་རྗེས་བཞག་པའི་འཐུས་མི8ཀྱིས། སྐར་ལྔའི་དར་དམར་ཐོགས་ནས་ལུས་རྩལ་ར་བའི་དར་ཆ་སྒྲེང་སར་སླེབས། དུས་ཚོད20དང་སྐར་མ08ཀྱི་སྟེང་། རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་སྐར་ལྔའི་དར་དམར་དལ་བུར་ཡར་འཕགས།

རྣམ་དག་ཟོལ་མེད་ཀྱི་པེ་ཅིན་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན“ཞུའེ་རུང་རུང”4ཚོགས་རའི་དཀྱིལ་དབུས་སུ་ཤུད་ཡོང་བ་དང་སྦྲགས། ལུས་རྩལ་པ་ཚོགས་རར་ཡོང་བའི་མགོ་བརྩམས། འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་ཐོན་པའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་ལུས་རྩལ་པའི་འཐུས་མི་རྣམས་དཔའ་ཉམས་ཆེར་སྐྱེད་ཀྱིས་ལུས་རྩལ་ར་བར་བསྐྱོད། ཡུལ་དངོས་ལྟད་མོ་པ་རྣམས་ཀྱིས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲས་ཁོ་ཚོ་ལ་དགའ་བསུ་དང་གུས་སེམས་མཚོན་པར་བྱས། ཐེངས་འདིའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་བསྡོམས་པས་རྒྱལ་ཁབ(ས་ཁུལ)46ནས་ཐོན་པའི་འཐུས་ཚབ་ཚོགས་པ་ཞུགས་ཡོད། མ་འོངས་པའི་ཉིན9ཡི་རིང་དུ། དབང་པོ་སྐྱོན་ཅན་གྱི་ལུས་རྩལ་པ600ལ་ཉེ་བ་ཞིག་འགྲན་སྡུར་ཆེན་མོ6ལ་ཞུགས་རྒྱུ་རེད།

དེའི་རྗེས་སུ། པེ་ཅིན་དགུན་དུས་ཨོ་རྩལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཆི་ཡིས་ཤིས་ཚིག་ཕུལ།

རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕཱ་སིན་སི་ཡིས་ཤིས་ཚིག་ཕུལ། ཁོས་བཤད་དོན། པེ་ཅིན་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་རའི་སྒྲིག་བཀོད་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ལྡན་ཞིང་། འགྲན་སྡུར་གྱི་འགན་སྲུང་ཞིབ་ཚགས་ཆེ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བདེ་འཇགས་ཡིན་ལ་ཕན་ཕྱོད་མཐོ་བ་དང་། ཀྲུང་གོ་མི་དམངས་མགྲོན་པོར་དགའ་ཞིང་། རྒྱལ་ཁབ(ས་ཁུལ)མི་འདྲ་བའི་ལུས་རྩལ་པ་རྣམས་ལ་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་གྱི་མཚར་ཉམས་གང་ལེགས་ཀྱིས་མངོན་པར་བྱེད་པའི་གར་སྟེགས་བསྐྲུན་འདུག ཀྲུང་གོས་དབང་པོ་སྐྱོན་ཅན་རྣམས་དགུན་དུས་ལུས་རྩལ་ལ་ཞུགས་པར་བསྟོད་སྐུལ་དང་སྐུལ་ལྕག་གནང་བའི་བྱ་བའི་གྲུབ་འབྲས་ནི་མངོན་གསལ་དོད་པ་ཞིག་རེད།

དུས་ཚོད21དང་སྐར་མ02ཀྱི་སྟེང་། མགོ་རྩོམ་མཛད་སྒོས་མི་སེམས་རབ་ཏུ་འགུལ་བའི་དུས་དེ་བསུས་བྱུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། པེ་ཅིན་གྱི2022ལོའི་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། དེ་མ་ཐག་ཏུ། ཁ་བའི་འདབ་མའི་བཟོ་དབྱིབས་ཀྱི་སྨུག་མདོག་གི་ཚོན་ཁྲའི་ཤོག་སྦག་མཁའ་དབྱིངས་སུ་བཀད་པས། ཨོ་ལིན་ཕིག་སྤྱི་གླིང་སྔར་ལས་ཀྱང་མཛེས་པར་བྱས།

ལས་རིགས་དང་ལས་སྒོ་སོ་སོ་ནས་ཡོང་བའི་འཐུས་མི་རྣམས་ཀྱིས་མཉམ་དུ་དབང་པོ་སྐྱོན་ཅན་དང་བདེ་ཐང་མཉམ་འདྲེས་ཀྱི་བྱམས་བརྩེ་ལྡན་པའི་དུས་སྐབས་དེ་འཁྲབ་སྟོན་བྱས། དར་ཆ་སྒྲེང་མཁན8པོས་ལག་ཏུ་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཚོགས་དར་བཟུང་སྟེ་ཚོགས་རར་སླེབས། མིག་གི་མཐོང་ཤུགས་ཉམས་པའི་སློབ་མ་རྣམས་ཀྱིས་གྲུབ་པའི་འབུད་དཀྲོལ་ཚོགས་པས་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཚོགས་གླུ་དཀྲོལ་གཏོང་བྱས། རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཚོགས་དར་དལ་གྱིས་ཡར་བསྒྲེངས་ཏེ། སྐར་ལྔའི་དར་དམར་དང་ལྷན་དུ་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་བསྐྱོད།

དེའི་རྗེས་སུ། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་རི་མཐོའི་གངས་ཤུད་ལུས་རྩལ་པ་ཀྲང་མེང་ཆིའུ་དང་རྐུབ་སྟེགས་འཁོར་ལོ་ཅན་དུ་ཙོག་པའི་ལུས་རྩལ་པ་ཁྲེན་ཅན་ཞིན་གཉིས་ཀྱིས་འགྲན་ཞུགས་ལུས་རྩལ་པ་ཡོངས་ཀྱི་ཚབ་བྱས་པ་དང་། ཀྲུང་གོའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་འཁྱགས་ལྟིར་ལས་གཞིའི་ཤན་འབྱེད་པ་ཀྲང་ལི་ཧེང་གིས་ཤན་འབྱེད་པ་ཡོངས་ཀྱི་ཚབ་བྱས་ཤིང་། ཀྲུང་གོའི་རྐུབ་སྟེགས་འཁོར་ལོ་ཅན་དུ་ཙོག་པའི་འཁྱགས་ལྟིར་རྩལ་འཁྲིད་པ་ཡུའེ་ཆིང་ཧྲོང་གིས་རྩལ་འཁྲིད་པ་དང་དཔོན་པོ་ཡོངས་ཀྱི་ཚབ་བྱས་ཏེ་སོ་སོར་དམ་བཅའ་བཞག །

ཡོལ་རས་ཆེན་པོའི་སྟེང་གི་མིང་ལ《བཞད་པ》ཞེས་པའི་བརྙན་ཐུང་གིས་ཚོགས་རའི་ལྟད་མོ་པ་ཡོངས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱས། སྙིང་དུ་སྡུག་པའི་བྱིས་པ་ལོང་བ་འགས་འཛུམས་མདངས་ལྷུག་པོར་གྲོལ་བའི་ངོ་གདོང་ཞིག་བྲིས། ཚོགས་རའི་དཀྱིལ་དབུས་སུ་མཛེས་སྡུག་རྣམ་པར་བཀྲ་བའི་འོད་མདངས་འཚེར་བཞིན་ཡོད་ལ། དེ་ནི་བྱིས་པ་ལོང་བ་རྣམས་ཀྱི་སེམས་ཁོང་ནས་འཚེར་བའི་འོད་མདངས་ཀྱིས་བྲིས་པའི་མཛེས་སྡུག་གི་རི་མོ་རེད། 《དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་སྒོར་དབྱིབས་ཞབས་བྲོ》ཞེས་པའི་དབྱངས་རྟ་དང་བསྡོངས་ནས། རྣ་བ་འོན་པའི་ཞབས་བྲོ་འཁྲབ་སྟོན་པ་སྐོར་ཞིག་གིས་ལག་བརྡ་དགེ་རྒན་གྱི་སྣེ་ཁྲིད་འོག བདེ་ཐང་ཅན་གྱི་ཞབས་བྲོ་འཁྲབ་སྟོན་པ་དང་ལྷན་དུ་མ་གྲོས་རང་མཐུན་སྒོས་མཉམ་འབྲེལ་བྱས་ནས་ལྡེམ་མྱུར་འཁྱུག་པའི་ཞབས་བྲོ་འཁྲབ་སྟེ། མི་དང་མིའི་བར་གྱི་མཛའ་བརྩེ་དང་ཚེ་སྲོག་གི་གསོན་ཤུགས་དང་ཡིབ་ཤུགས་མཚོན་པར་བྱས།

དུས་ཚོད21དང་སྐར་མ23གྱི་སྟེང་། པེ་ཅིན་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཚོགས་རའི་ནང་དུ་བསྐྱལ། པེ་ཅིན་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་ནི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་གྱི་འབྱུང་ཁུངས་དབྱིན་ཇིའི་མན་ཏེ་ཝེ་ཨེར་དང་པེ་ཅིན། ཡན་ཆིང་། ཀྲང་ཅ་ཁོའུ་བཅས་འགྲན་ཁུལ་གསུམ་ནས་འཚོལ་སྡུད་བྱས་པའི་མེ་སོན9ཡིས་གྲུབ།

མི་ཚོགས་ཁྲི་སྟོང་མང་པོའི་རེ་ལྟོས་ཁྲོད། མཐའ་མཇུག་གི་དཔལ་འབར་འཛིན་མཁན་ལི་ཏོན་གྱིས་ལག་ཏུ་ཡོད་པའི་དཔལ་འབར“ཁ་བའི་འདབ་མ་ཆེན་པོ”ཡི་བཟོ་དབྱིབས་ཀྱི་དཔལ་འབར་གཙོ་བོ་འཛུགས་སའི་དཀྱིལ་དབུས་སུ་བཙུགས། པེ་ཅིན་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱིས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོའི་ཇུས་འགོད་བྱེད་སྟངས་སྤྱད་པས། ལྗང་མདོག་ཁོར་སྲུང་གི་འདུ་ཤེས་ཡང་བསྐྱར་མངོན་པར་བྱས།

མཛེས་སྡུག་རྣམ་པར་བཀྲ་བའི་ཚོན་ཁྲའི་ཤོག་སྦག་མཁའ་རུ་འཕགས་ཏེ། མི་རྣམས་ཀྱི་སེམས་ཁོང་གི་སྤྲོ་སེམས་སྦར་བར་བྱས་པས། ལུས་རྩལ་ར་བའི་ནང་ཏབ་ཅིག་ལ་དགའ་སྤྲོས་ཁེངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་མགོ་རྩོམ་མཛད་སྒོར་ཞུགས།

རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ་སོགས་མགོ་རྩོམ་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།