ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། མཉམ་དུ་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་དང་།མཉམ་དུ་བདེ་སྐྱིད་འཚོ་བ་གསར་སྐྲུན་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས5ཉིན་གྱི་ཕྱི་དྲོར་ཁོང་གནས་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ནི་མི་རིགས་མཐུན་སྒྲིལ་གྱི་གཞི་རྩ་ཡིན། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་གཙོ་ཐིག་འདི་དམ་འཛིན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རིགས་སོ་སོའི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་བྱེད་པའི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། རིགས་སོ་སོའི་མི་དམངས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་སེ་འབྲུའི་ཚི་གུ་བཞིན་དུ་རྡོག་རྩ་གཅིག་སྒྲིལ་ཡོང་བར་སྐུལ་འདེད་གཏོང་བ་དང་། རླབས་ཆེན་མེས་རྒྱལ་མཉམ་དུ་འཛུགས་སྐྲུན་དང་། བདེ་སྐྱིད་འཚོ་བ་མཉམ་དུ་གསར་སྐྲུན་བྱེད་དགོས་ལ། བརྟན་ལྷིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་བརྟན་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་པར་ཤུགས་བསྣན་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནི་སྤྲོ་སེམས་འཁོལ་ཞིང་། རྣམ་པ་འཁྲུག་ཆ་དོད་པ་ཞིག་རེད། ཀྲང་ལེ་སོགས་འཐུས་མི7གྱིས་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བ་དང་རྩྭ་ཐང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རྡོ་སོལ་རྫས་འགྱུར་ཐོན་ལས་ཀྱིས་ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་ནུས་འདོན་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ་བརྟན་པོར་གཏོང་བའི་འདུ་ཤེས་དེ་སློབ་སྒྲུབ་སློབ་བཅོས་དང་དཔེ་ཁྲིད་མི་སྐྱོང་གི་གོ་རིམ་ཧྲིལ་པོར་ཁྱབ་ཏུ་འཇུག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཁའ་འགྲུལ་གྱི་སྟོབས་ཤུགས་འབུལ་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། མི་རིགས་ཀྱི་འོ་ལས་དར་སྤེལ་གཏོང་བ་སོགས་ཀྱི་གནད་དོན་སྐོར་ནས་གཏམ་བཤད་གནང་། ཞི་ཅིན་ཕིང་གིས་མཚམས་མཚམས་སུ་གསུང་བཤད་གནང་བར་མ་ཟད་ཟིན་ཐོ་བཀོད།

ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུར་འཐད་པ་བྱུང་བའི་རྣམ་འགྱུར་བསྟན་པ་དང་། ནང་སོག་གི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གནང་། རེ་བར་ནང་སོག་གི་བློ་མཐུན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་གཅིག་གྱུར་འཆར་འགོད་སྒོས་དམ་འཛིན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དམིགས་སུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་འཛིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། འབྲུ་རིགས་བདེ་འཇགས། ཐོན་ལས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་གལ་ཆེན་དངོས་གནས་ལག་བསྟར་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་གཏིང་ཟབ་ཏུ་སྐུལ་སྤེལ་བྱེད་པ་དང་། མེས་རྒྱལ་བྱང་ཕྱོགས་མཐའ་མཚམས་ཀྱི་མཛེས་ལྗོངས་ལམ་ཐིག་སྔར་ལས་བཀྲག་མདངས་ལྡན་པ་ཞིག་ཏུ་བསྐྲུན་ཏེ། དུས་རབས་གསར་པའི་ནང་སོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས། ཞི་ཅིན་ཕིང་གིས་བསྟན་དོན། 2021ལོར། ང་ཚོས་བཅོས་བསྒྱུར་དང་འཕེལ་རྒྱས་དང་བརྟན་བརླིང་བཅས་ཀྱི་བྱ་བ་སོ་སོར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ལོན་པར་སྐུལ་འདེད་བཏང་། ང་ཚོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་པར་མ་ཟད་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཨང་གསུམ་པ་བཞག་ཡོད། ང་ཚོས་དབུལ་ཐར་འགག་སྒྲོལ་གྱི་འཐབ་འཛིང་ལ་དུས་ལྟར་རྒྱལ་ཁ་བླངས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བྱ་བ་དུས་ལྟར་ལེགས་འགྲུབ་བྱུང་བ་དང་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པར་མ་ཟད། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པར་སྐྱོད་མགོ་བརྩམས། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་བསྐྱར་དུ་འཕར་བ་སྔོན་འགོག་བྱས་ལ། ཚན་རིག་གནད་ཁེལ་དང་འགུལ་རྣམ་གཙང་སེལ། མགོ་ཡོད་མཇུག་ཡོད་ངང་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་རྒྱུན་འཁྱོངས་བྱས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་གཉིས་འཛམ་གླིང་ཡོངས་ཀྱི་གོ་གནས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ལ། “ལྔ་བཅུ་བཞི”ཡི་མགོ་ལེགས་པོར་རྩོམ་པ་མངོན་འགྱུར་བྱས། ང་ཚོས་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྒྲུབས་ཏེ། སྟབས་བདེ་དང་བདེ་འཇགས། ངོ་མཚར་བཅས་ཀྱི་ལུས་རྩལ་དགྱེས་སྟོན་ཞིག་འཛམ་གླིང་ལ་སྐྱེས་སུ་ཕུལ། རང་རྒྱལ་གྱི་ལུས་རྩལ་པ་རྣམས་ཀྱིས་ཧུར་ཐག་འབད་འཐབ་བྱས་ནས། དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་རིང་གི་ལོ་རྒྱུས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། གྲུབ་འབྲས་འདི་དག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་དང་མི་དམངས་ཧུར་སྐྱོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། ང་ཚོར་གཤམ་གྱི་ངོས་ཟིན་གལ་ཆེན་དག་གི་ཐད་ནས་ཡིད་ཆེས་བརྟན་པོ་སྦྱིན་པ་སྟེ། གཅིག་ནི་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་བྱེད་ན། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་གོང་བུར་འགྲིལ་ཤུགས་སྟོབས་ཆེན་དང་འཕེལ་རྒྱས་ཀྱི་རང་རྟོན་ཡོད་པར་འགན་སྲུང་བྱ་ཐུབ་ལ། བདེན་སྲུང་གསར་གཏོད་དང་འགག་གཏོར་དཀའ་སེལ་གྱི་སྟོབས་ཤུགས་ཆེན་མོ་གཞི་གཅིག་ཏུ་བསྡུས་ཏེ། དཀའ་སྡུག་གི་མདུན་དུ་རྒྱལ་ཡོངས་མི་དམངས་ཀྱིས་ཆེས་བློ་གཏད་ཆོག་པའི་རྟེན་ས་ལྟ་བུར་འགྱུར་དུ་འཇུག་ཐུབ། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན། ཐོག་མཐའ་བར་གསུམ་དུ་གཡོ་འགུལ་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་སྐྱོད་ན། ང་ཚོས་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་ཐུབ་ལ། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་ཐུབ། གསུམ་ནི་མཐུན་སྒྲིལ་འབད་འཐབ་བྱེད་པ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་བསྐྲུན་པར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན། ཏང་གི་མགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཀུན་སེམས་གཅིག་མཐུན་ཡིན་པ་དང་། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱེད་ན། ང་ཚོ་མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་ཁག་དང་འགྲན་སློང་ཡོད་ཚད་ལས་རྒྱལ་ཐུབ་ལ། མུ་མཐུད་དུ་མི་རྣམས་ཧ་ལས་སུ་འཇུག་པའི་ངོ་མཚར་གསར་པ་བསྐྲུན་ཐུབ་ངེས་ཡིན། བཞི་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བ་ནི་དུས་རབས་གསར་པར་རང་རྒྱལ་འཕེལ་རྒྱས་སྟོབས་ཆེན་དུ་གཏོང་བར་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན། འཐུས་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་སྒྲིག་འཛུགས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་ཚུགས་རང་སྟོབས་ཡོང་བ་བཅས་མགྱོགས་མྱུར་ངང་མངོན་འགྱུར་བྱེད་ན། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་ཤུགས་དང་རྒྱུན་མཐུད་ནུས་ཤུགས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་ཐུབ་པ་དང་། ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་དམ་འཛིན་བྱས་ནས་མ་འོངས་པའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན། ལྔ་ནི་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནི་ཏང་གི་གསོན་ཤུགས་ནམ་ཡང་རྒྱུན་སྲུང་ཐུབ་པ་དང་རྒྱུགས་སྤྲོད་བགྲོད་ལམ་གསར་པའི་སྟེང་ངེས་པར་བརྒྱུད་དགོས་པའི་ལམ་བུ་ཡིན། ཀྲུང་གོའི་བྱ་བ་ལེགས་པོར་བསྒྲུབ་པའི་གནད་འགག་ནི་ཏང་ལ་ཐུག་ཡོད་པ་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་མིན་ལ་ཐུག་ཡོད།

རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། རང་ཉིད་གསར་བརྗེ་བྱེད་ཕོད་པ་བཅས་བྱེད་ན། ཏང་གི་སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་ལ་གནོད་སྐྱོན་གཏོང་བའི་གནོད་ལྡན་རྒྱུ་རྐྱེན་ཡོད་ཚད་རྒྱུན་ཆད་མེད་པར་གཙང་སེལ་བྱེད་ཐུབ་པ་དང་། ཏང་གི་བདེ་ཐང་གཟུགས་གཞི་ལ་གནོད་སྐྱོན་གཏོང་བའི་ནད་རྒྱུ་ཡོད་ཚད་རྒྱུན་ཆད་མེད་པར་གཙང་སེལ་བྱེད་ཐུབ་ལ། ཏང་གི་ངོ་བོ་མི་འགྱུར་བ་དང་ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ལ་ཁག་ཐེག་ནན་མོ་བྱེད་ཐུབ་ངེས་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། མི་རིགས་སོ་སོ་མཐུན་སྒྲིལ་དང་འཆམ་མཐུན་ཡོང་ན་རྒྱལ་ཁབ་དར་ཞིང་རྒྱས་པ་དང་། སྤྱི་ཚོགས་བརྟན་འཇགས་ཡིན་པ། མི་དམངས་བདེ་སྐྱིད་ཡིན་ངེས། དེ་ལས་ལྡོག་ན་རྒྱལ་ཁབ་ཉམས་ཤིང་རྒུད་པ་དང་། སྤྱི་ཚོགས་ལ་གཡོ་འགུལ་ཐེབས་པ། མི་དམངས་ལ་གོད་ཆག་འབྱུང་ངེས་པས། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་སུ་འཇུག་པ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་གཙོ་ཐིག་ཏུ་བརྩི་བ་ནན་གྱིས་བསྟན་པ་ནི། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་དམིགས་པའི་ཇུས་ཐག་གལ་ཆེན་ཡིན་ལ། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་སྤྱི་སྡོམ་གཏིང་ཟབ་ཏུ་བྱས་པའི་བསྡོམས་ཚིག་གལ་ཆེན་ཡང་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནང་སོག་གི་དེང་སྐབས་ནི་རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་ཧུར་བརྩོན་བྱས་པའི་གྲུབ་འབྲས་ཡིན། ནང་སོག་གི་མ་འོངས་པར་སྔར་བཞིན་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་དང་འབད་བརྩོན་མཁོ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་སུ་འཇུག་ན། བལྟས་ན་མཐོང་ཞིང་རེག་ན་ཐུག་པའི་བྱ་བ་བསྒྲུབ་དགོས་ལ། “ཁུ་སིམ་མེར་ཕན་འདོགས་པའི”བྱ་བའང་མང་པོ་བསྒྲུབ་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས་མཉམ་འདྲེས་བཅས་ལ་ཡར་སྐུལ་བྱེད་པ། བྱ་བ་ཚང་མ་དངོས་སུ་འཛིན་པ་དང་ཞིབ་མོར་ལས་ཏེ། ཚུགས་ཀ་ཡོད་པ་དང་ཚོར་རྒྱུ་ཡོད་པ། ཕན་འབྲས་ལྡན་པ་ཞིག་ཏུ་བྱེད་དགོས། རིགས་སོ་སོའི་ལས་བྱེད་པས་ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་རྒྱུས་ལོན་དང་མཐའ་འཁྱོལ་བྱེད་པ་དང་། རང་རྟོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཧྲིལ་པོའི་མཐོ་ཚད་ལ་དམིགས་ནས་གནད་དོན་བསམ་པ་དང་ཇུས་ཐག་གཅོད་པ། བྱ་བ་འཛིན་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་པའི་བྱ་བར་ཕན་ན་མང་དུ་བསྒྲུབ་དགོས་ལ། ཟབ་སྒྲུབ་དང་ཞིབ་སྒྲུབ། དངོས་སྒྲུབ་བཅས་ཀྱང་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་པར་མི་ཕན་པའི་དོན་དག་གཏན་ནས་སྒྲུབ་མི་རུང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་པའི་བྱ་བའི་བླང་བྱ་ནི་ལྗོངས་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་དྲིལ་སྒྲོག་སློབ་གསོ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་འཛུགས་སྐྲུན། གྲོང་ཁྱེར་གྱི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་དངོས་པོ། ཡུལ་སྐོར་ལྗོངས་ཁུལ་གྱི་ཕྲེང་བསྒྲིགས་སོགས་ལག་བསྟར་མཐའ་འཁྱོལ་བྱེད་པའི་ཕྱོགས་དང་འབྲེལ་བ་ཡོད་པས། ཀྲུང་ཧྭ་རིག་གནས་དང་རང་མི་རིགས་རིག་གནས་བར་གྱི་འབྲེལ་བ་ཡང་དག་གིས་ཐག་གཅོད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཆགས་པར་བསམ་བློ་དང་རིག་གནས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ནང་སོག་ནི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་ལྗིད་མོ་འཁུར་ཡོད། ཕྲ་མཐོང་ཆེ་ཤེས་བྱེད་པ་དང་སེམས་ཁྲལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཐབ་ཇུས་ཀྱི་བསམ་གཞིག་ཇེ་མཐོར་བཏང་སྟེ། མི་རིགས་བྱ་བའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཕན་ལྡན་གྱིས་འགོག་ཟོན་བྱེད་པ་དང་། མེས་རྒྱལ་བྱང་ཕྱོགས་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་བརླིང་གི་སྲུང་ཡོལ་དངོས་གནས་བརྟན་པོར་བཟོ་དགོས།

ཞི་ཅིན་ཕིང་གིས་ལྷག་ཏུ་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་བྱས་ཏེ་ལེགས་པོར་འཛིན་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ལེགས་་པོ་བྱེད་པ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་གློ་བུར་བྱུང་བའི་རིམས་ནད་ཀྱི་བྲེལ་བསྟུན་ཐག་གཅོད་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ས་མཚམས་འགག་སྒོ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འདི་འབུར་དུ་དོད་པ་བཅས་ཀྱིས་རིམས་ནད་གཞི་ཁྱོན་ཅན་དུ་བསྐྱར་འཕར་མི་འབྱུང་བའི་ཚད་མཐའ་བསྲུང་དགོས། ཐཱན་རྩེ་གནོན་དང་ཐཱན་སྙོམས་འཛིན་གྱི་བྱ་བར་ཧུར་བརྩོན་དང་བརྟན་བརླིང་གིས་སྐུལ་འདེད་གཏོང་བ་དང་། སོལ་ཕྱུག་སྣུམ་དཀོན་རླངས་ཉུང་གི་རྩ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྐང་ཚུགས་ཏེ། རྒྱལ་ཁབ་ཀྱི“ཐཱན་གཉིས”བྱ་བའི་འཆར་འགོད་དང་བཀོད་སྒྲིག་ལྟར། མ་ལག་གི་ལྟ་བ་ཇེ་དྲག་ཏུ་གཏོང་བ་དང་། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པ་དང་རིམ་བཞིན་མངོན་དུ་འགྱུར་བ་རྒྱུན་འཁྱོངས་བྱེད་པ། ཐཱན་ཉུང་འཕྲི་དང་སྦགས་བཙོག་ཉུང་འཕྲི། ལྗང་མདོག་རྒྱ་བསྐྱེད། འཕར་བར་མཐུན་སྦྱོར་དང་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱས་ཏེ། ཐཱན་ཉུང་འཕྲི་བྱེད་པ་དང་མཉམ་དུ་ནུས་ཁུངས་ཀྱི་བདེ་འཇགས་དང་ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་གི་བདེ་འཇགས། ཟས་རིགས་བདེ་འཇགས་བཅས་ལ་ཁག་ཐེག་བྱེད་པ་དང་། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་འགན་སྲུང་བྱས་ནས། དོན་དངོས་དང་འབྲལ་མི་རུང་ལ་དོན་དག་མྱུར་དུ་འགྲུབ་པའི་བསམ་བློ་ཡོད་མི་རུང་། ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་རྒོལ་བ་ནམ་ཡང་ལམ་ན་ཡོད་པའི་རིག་པ་གསལ་པོ་དང་བརྟན་པོ་རྒྱུན་འཁྱོངས་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་ཅིང་བྱེད་མི་རུང་བ། བྱེད་མི་འདོད་པ་བཅས་གཅིག་འགྲིལ་ཡོང་བར་སྐུལ་འདེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་འབྲས་སྐྲན་གཅོད་པ་དང་དུག་རྩ་ཕྱིར་འབུད་བྱེད་པ། དུག་རྒྱུན་གཙང་སེལ་བྱེད་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བྱེད་པ་ནི་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་བཟོ་འགོད་ཅིག་ཏུ་བརྩིས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཁྱོན་ཡོངས་ནས་བདེ་ཐང་ཚད་ལྡན་གྱི་ལམ་དུ་ཞུགས་པར་གང་མགྱོགས་ཀྱིས་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས་པ་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་ནང་རྐྱེན་བཙུགས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ལ་ཏང་གི་ལོ་རྒྱུས་སློབ་པ་དང་ཏང་གི་ལོ་རྒྱུས་བཀོལ་བ་དེ་ཚེ་གང་པོར་ངེས་པར་སྦྱོང་བའི་བསླབ་ཚན་དུ་བརྩིདགོས་པའི་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ། རྒྱུན་ཆད་མེད་པར་ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དང་ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དུ་གཏོང་བ་བཅས་ཀྱིས་སྔར་བས་ཡིད་ཆེས་ཀྱིས་ཁེངས་ཏེ་འཐབ་ལམ་གསར་པར་ཧུར་གྱིས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འབུལ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།