ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཁ་ཆད་ལྟར་ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏེ་ལི་ཨང་དང་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཏི་མ་གཡོད་གཉིས་དང་བརྙན་ལམ་ནས་ཐུག་འཕྲད་གནང་ནས་མིག་སྔའི་ཝུའུ་ཁི་ལན་གྱི་དུས་བབ་ཐད་གཙོ་གནད་ཐོག་བསམ་འཆར་བརྗེ་རེས་བྱས།
ལི་ཏེ་ལི་ཨང་དང་མཇལ་འཕྲད་གནང་སྐབས་ཝང་དབྱིས་བསྟན་དོན། ཚེས8ཉིན་ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་བརྙན་ལམ་དབུ་ཚོགས་བདེ་བླག་ངང་འཚོགས་ནས་ཝུའུ་ཁི་ལན་གྱི་གནད་དོན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས། ང་ཚོས་ཐུན་མོང་ཐོག་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་དགོས། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་སྐོར་ཐེངས་གསུམ་པའི་གྲོས་མོལ་བྱས་པ་དང་ཕྱོགས་གཉིས་ཀྱི་དབར་སྔར་བཞིན་མི་མཐུན་པའི་ཆ་མངོན་གསལ་ཡོད་མོད། འོན་ཀྱང་གྲོས་མོལ་བྱེད་ཐེངས་རེར་མི་མཐུན་པའི་ཆ་རེ་ཇེ་ཉུང་དུ་སོང་ནས་ཞི་བདེའི་རེ་བའང་ཇེ་ཆེར་ཕྱིན་ནས། དམག་མཚམས་འཇོག་པའི་དམིགས་ཚད་ཀྱང་སྔར་བས་མངོན་འགྱུར་བྱེད་པའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་ཝུའུ་གྲོས་མོལ་ལ་མུ་མཐུད་དུ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ་དང་འབྲེལ་དེའི་ཐད་དགོས་ངེས་ཀྱི་ཁོར་ཡུག་དང་ཆ་རྐྱེན་གཏོད་པའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བཀག་སྡོམ་བྱེད་ཐབས་སྤྱོད་པར་བསམ་གཞིགས་གཏོང་དགོས་པའི་འདོད་ཚུལ་བཅིངས་ཡོད་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་ཕྱོགས་རྐྱང་བཀག་སྡོམ་དང་ལག་རིང་བདག་སྐྱོང་ལ་ངོ་རྒོལ་བྱ་རྒྱུའི་འདོད་ཚུལ་འཛིན་གྱིན་ཡོད།
ལེ་ཏེ་ལི་ཨང་གིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ཀྱི་ཧྥ་རན་སིའི་ལངས་ཕྱོགས་རྒྱས་བཤད་གནང་བ་དང་འབྲེལ་ཕྱོགས་སོ་སོས་ལག་གདང་སྦྲེལ་ནས་གང་མགྱོགས་ཀྱིས་དམག་མཚམས་འཇོག་པ་མངོན་འགྱུར་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཝུའུ་ཁི་ལན་དུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐོན་པར་སྔོན་འགོག་བྱས་ཏེ། ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཧྥ་རན་སི་ཕྱོགས་ཀྱིས་ཞི་བདེ་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་མུ་མཐུད་དུ་མཉམ་ལས་བྱེད་འདོད་ཡོད་ཅེས་བསྟན།
ཕྱོགས་གཉིས་ཀྱིས་ད་དུང་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས།
ཏི་མ་གཡོད་དང་མཇལ་འཕྲད་གནང་སྐབས་ཝང་དབྱི་ཡིས་བསྟན་དོན། ཉེ་ཆར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པ་དང་བརྙན་ལམ་དབུ་ཚོགས་འཚོགས་ཏེ་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པ་དང་།《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དགོངས་དོན་དང་རྩ་དོན་ལ་བརྩི་སྲུང་བྱེད་དགོས་པ།རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱེད་དགོས་པ། ཞི་བདེའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་དགོས་པ་བཅས་གསལ་བོར་བསྟན། འདི“བྱེད་དགོས་པ་བཞི”ནི་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་སྐོར་ལ་འཛིན་པའི་དབང་གྲགས་ལྡན་པའི་ལངས་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་གོང་སྨྲས་ཀྱི་གཞི་རྩའི་ལངས་ཕྱོགས་འདི་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོའི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་གྲོས་མོལ་ལ་སྐུལ་འདེད་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན། ཡོ་རོབ་ཀྱི་རྒྱལ་ཁབ་ཀྱིས་བདེ་འཇགས་ཀྱི་ཁ་བྲལ་ཐབས་མེད་པའི་རྩ་དོན་ལ་གཞིགས་ནས། ད་བར་གྲོས་མཐུན་བཞག་པའི་རྨང་གཞིའི་ཐོག་ཨུ་རུ་སུ་ཕྱོགས་དང་ཁྱོན་ཡོངས་ནས་གྲོས་བསྡུར་གཏིང་ཟབ་བྱས་ཏེ་དོ་སྙོམས་དང་ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་ཞིག་ཆགས་པ་བྱེད་དགོས།
ཏི་མ་གཡོད་ཀྱིས་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ཞི་བདེའི་ཐད་འདོན་འོས་པའི་ནུས་པ་འདོན་པར་རེ་སྒུག་བྱེད་བཞིན་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མི་ཆོས་རིང་ལུགས་སྐོར་གྱི་གྲོས་གཞི་དྲུག་ལ་དོ་ཁུར་ཆེན་པོ་བྱས་ཏེ་ཀྲུང་གོ་བར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་བྱེད་འདོད་ཡོད། ཡོ་རོབ་ཀྱི་བདེ་འཇགས་ལམ་སྲོལ་ལ་ཕྱོགས་སོ་སོས་འདྲ་མཉམ་གྱི་གྲོས་མོལ་བྱས་ནས་གཉིས་ཕན་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་བསྟན།
ཝང་དབྱིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་འཕེལ་རྒྱས་ཧུར་ཐག་གཏོང་གིན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་འཐབ་ཇུས་ཀྱི་རང་བརྟེན་མཐའ་འཁྱོངས་བྱས་ཏེ་སྔར་བས་རང་ཚུགས་དང་དོན་དངོས་དང་མཐུན་པའི་ཀྲུང་གོར་ངོས་འཛིན་དང་སྲིད་ཇུས་འཛུགས་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཏི་མ་གཡོད་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་། ཨོ་ལིམ་ཕིག་གི་སྙིང་སྟོབས་ཀྲུང་གོར་དར་སྤེལ་བཏང་བར་བསྔགས་བརྗོད་བྱས་པ་དང་འབྲེལ་དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་མགོ་ཁྲིད་པའི་ཐུག་འཕྲད་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཝང་དབྱིས་ཧྥ་རན་སི་དང་དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་དང་བརྙན་ལམ་ནས་སོ་སོར་མཇལ་འཕྲད་གནང་བ།