ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱིས་དུས་བཅད་ལྟར་ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལེ་པ་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས1ཉིན། རྒྱལ་དོན་ཨུ་ཡོན་ནམ་རྒྱལ་སྲིད་པུའུ་ཡི་པུའུ་ཀྲང་ཝང་དབྱིས་དུས་བཅད་ལྟར་ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཁུའུ་ལེ་པ་ལ་ཁ་པར་བཏང་ནས་གྲོས་མོལ་མཛད། 

ཁུའུ་ལེ་པ་ཡིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་ཐོགས་མའི་གྲོས་མོལ་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་ཏེ། དམག་འཁྲུག་མཇུག་རྫོགས་རྒྱུ་ནི་ཝུའུ་ཁི་ལན་ཕྱོགས་ཀྱི་སྔོན་ལ་སྒྲུབ་དགོས་པའི་ལས་འགན་ཡིན་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་པའི་ཐད་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་པ་དང་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ལ་ལྟ་སྟངས་ཡང་དག་འཛིན་བཟུང་ཡོད་ཅེས་བཤད། མིག་སྔར་གྲོས་མོལ་གྱི་འཕེལ་རིམ་བདེ་བླག་མིན་ནའང་ཝུའུ་ཁི་ལན་ཕྱོགས་ཀྱིས་སྔར་བཞིན་ཡིད་རྣལ་དུ་ཕབ་བ་རྒྱུན་འཁྱོངས་བྱས་ནས་གྲོས་མོལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོ་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་ཐད་བར་འདུམ་ལ་རེ་སྒུག་ཀྱང་བྱེད་བཞིན་ཡོད་ཅེས་བཤད། 

ཝང་དབྱིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་དམག་འཁྲུག་བྱུང་བར་ཕངས་སེམས་ཆེན་པོ་སྐྱེས་པ་དང་། མང་ཚོགས་ལ་གནོད་འཚེ་ཐེབས་པར་དོ་ཁུར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ཀྱི་གཞི་རྩའི་ལངས་ཕྱོགས་ནི་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ། འགྱུར་བ་མེད་པ་བཅས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སོ་སོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་བྱེད་པའི་འདོད་བློ་ཡོད། མིག་སྔའི་ཉེན་ཁ་ལ་དམིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་གྲོས་མོལ་བྱས་ཏེ་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་དགོས་པ་དང་རྒྱལ་སྤྱིའི་སྟེང་ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པར་ཕན་པའི་དགེ་མཚན་ལྡན་པའི་འབད་བརྩོན་ཡོད་ཚད་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཝང་དབྱིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ། རྒྱལ་ཁབ་གཅིག་གི་བདེ་འཇགས་དེ་རྒྱལ་ཁབ་གཞན་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་རྒྱུ་དེ་རིན་དོད་དུ་བྱེད་མི་རུང་བ་དང་། ས་ཁུལ་གྱི་བདེ་འཇགས་དེ་དམག་དོན་ཚོགས་པ་རྒྱ་སྐྱེད་གཏོང་བར་བརྟེན་ནས་མངོན་འགྱུར་བྱེད་མི་རུང་། དམག་འཁྲུག་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་དམིགས་ནས་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་ས་གནས་དེ་གའི་དུས་བབ་ཞི་ལྷོད་དུ་བཏང་ནས། གདོང་ཐུག་ཆེ་རུ་མི་འགྲོ་བ་དང་ཐ་ན་ཚོད་འཛིན་མི་ཐུབ་པ་སྔོན་འགོག་དང་། ལྷག་པར་དུ་མང་ཚོགས་ལ་གནོད་འཚེ་མི་ཐེབས་པ་དང་མི་ཆོས་རིང་ལུགས་ཀྱི་ཉེན་ཁ་བྱུང་བར་སྔོན་འགོག་བྱ་རྒྱུ་དེ་ཡིན་པས།  མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བདེ་འཇགས་ཡིན་པ་དང་དུས་ཐོག་ཏུ་ཞུགས་པར་འགན་ལེན་བྱེད་དགོས་ཞེས་བསྟན།

ཝང་དབྱིས་གཙོ་བོ་ཝུའུ་ཁི་ལན་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ཐད་ལངས་ཕྱོགས་གསལ་བོ་སྟོན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་དེ་མཚུངས་ཀྱི་རྒྱལ་སྤྱིའི་འགན་འཁྲི་འཁུར་བར་སྐུལ་འདེད་བཏང་། ཝང་དབྱིས་ནན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཝུའུ་ཁི་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་བདེ་སྡུག་ལ་སེམས་ཁྲལ་བྱེད་བཞིན་ཡོད།  ཝུའུ་ཁི་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚང་མ་ནི་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་མཛའ་གྲོགས་ཕོ་ཉ་ཡིན་པ་དང་ཚང་མ་ཝུའུ་ཁི་ལན་མི་དམངས་ཀྱི་གྲོགས་པོ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་དུ་ཡོད་པའི་ཀྲུང་གོའི་ཕྱི་འགྲིམས་སློབ་མ་དང་ཕྱིར་སྡོད་རང་མི་ཕྱིར་འཐེན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱི་རྒྱབ་སྐྱོར་རོགས་རམ་དང་ཝུའུ་ཁི་ལན་སྤྱི་ཚོགས་ལས་རིགས་སོ་སོའི་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཝུའུ་ཁི་ལན་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་ཝུའུ་ཁི་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་། ཀྲུང་གོའི་སྤྱི་དམངས་ཕྱིར་འཐེན་བྱེད་པར་འགན་ལེན་དང་སྟབས་བདེ་བསྐྲུན་པའི་རེ་བ་ཡོད་ཅེས་གསུངས།

ཁུའུ་ལེ་པས་བཤད་རྒྱུར།  ཕྱི་རྒྱལ་གྱི་སྤྱི་དམངས་ཀྱི་བདེ་འཇགས་ཁག་ཐེག་བྱ་རྒྱུ་ནི་ཝུའུ་ཁི་ལན་གྱི་འགན་འཁྲི་གལ་ཆེན་ཡིན།  ཝུའུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་དོ་ཁུར་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་གོའི་ཕྱི་འགྲིམས་སློབ་མ་སོགས་བདེ་བླག་ངང་ཕྱིར་འཐེན་བྱེད་པར་གཞོགས་འདེགས་བྱེད་བཞིན་ཡོད། ཝུའུ་ཕྱོགས་ཀྱིས་མུ་མཐུད་དུ་འགན་འཁུར་བའི་རྣམ་འགྱུར་གྱིས་ཕྱི་རྒྱལ་གྱི་སྤྱི་དམངས་བདེ་འཇགས་ངང་ཕྱིར་འཐེན་བྱེད་པའི་འབྲེལ་ཡོད་འགན་སྲུང་ལེགས་པོར་བསྒྲུབ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།