ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་འཛམ་གླིང་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས46པའི་གྲ་སྒྲིག་གཟའ་འཁོར་ཚོགས་འདུའི་མགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས1ཉིན། འཛམ་གླིང་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས46པའི་གྲ་སྒྲིག་གཟའ་འཁོར་གྱི་ཚོགས་འདུ་ཧྲང་ཧའེ་རུ་འཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའམ་འཛམ་གླིང་འགྲན་བསྡུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཡིས་མགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ་རེད།

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་འཛམ་གླིང་འགྲན་བསྡུར་སྐབས46པའི་གྲ་སྒྲིག་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་དོན་གསར་པ་ཡིན་པ་དང་ཤུགས་རྐྱེན་རྒྱ་ཆེ་ལྡན་པའི་འཛམ་གླིང་གི་ནུས་རྩལ་འགྲན་བསྡུར་ཆེན་པོ་ཞིག་ཧུར་ཐག་སྒོས་གཉེར་དགོས་ཞེས་གསལ་བོ་བཏོན་ཡོད། ནུས་རྩལ་འགྲན་བསྡུར་གཉེར་བར་ཆོག་མཆན་ཐོབ་པ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་འགྲན་བསྡུར་ལེགས་པོར་བསྒྲུབ་པར་དམིགས་ཏེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་རྩལ་ནུས་རྩ་འཛུགས་དང་དེ་མིན་ཁོངས་མི་ཁག་དང་འབྲེལ་གཏུག་དམ་ཟབ་བྱས་ནས་གྲ་སྒྲིག་གི་བྱ་བ་སོ་སོར་སྐུལ་འདེད་ཏན་ཏིག་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་བརྟན་པོའི་སྒོ་ནས་འཛམ་གླིང་ལ་དོན་སྙིང་གསར་པ་ལྡན་པ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ནུས་རྩལ་འགྲན་བསྡུར་གྱི་རྒྱས་འཛོམས་ཐེངས་ཤིག་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།

ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། འཛམ་གླིང་ནུས་རྩལ་འགྲན་བསྡུར་ནི་གཞི་ཁྱོན་ཆེ་བ་དང་ཆུ་ཚད་བ་བཅས་ཀྱི་རྒྱལ་སྤྱིའི་ལས་རིགས་ནུས་རྩལ་གྱི་འགྲན་བསྡུར་ཞིག་ཡིན་སྟབས་དེས་ལས་རིགས་ནུས་རྩལ་འཕེལ་རྒྱས་སུ་སོང་བའི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་མཚོན་གྱིན་ཡོད་ལ། དེ་ནི་རྒྱལ་ཁབ་ཁག་གི་ནུས་རྩལ་ཤེས་ལྡན་པས་ལག་རྩལ་སྦྱོང་བ་དང་མཛའ་གཤིས་ཇེ་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འཛམ་གླིང་འགྲན་བསྡུར་གྱི་ཞབས་ཞུའི་འགན་ལེན་ཡག་པོ་བསྒྲུབ་ནས་ཚོགས་འདུའི་ལས་འགན་ཁག་བདེ་བླག་ངང་ལེགས་པར་འགྲུབ་པར་འགན་ལེན་བྱ་རྒྱུ་ཡིན། འཛམ་གླིང་ནུས་རྩལ་རྩ་འཛུགས་དང་ཁོངས་མི་ཁག དེ་མིན་འབྲེལ་ཡོད་ཕྱོགས་ཀྱི་ཚོགས་ཞུགས་འཐུས་མི་བཅས་ཀྱིས་ཕན་ཚུན་འབྲེལ་གཏུག་དང་བརྗེ་རེས་གང་ལེགས་བྱས་ཏེ་གྲ་སྒྲིག་གི་བྱ་བའི་ཐད་བསམ་འཆར་གལ་ཆེན་དང་གྲོས་འགོ་བཏོན་ནས་འཛམ་གླིང་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྒྲུབ་པར་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད།

གྲ་སྒྲིག་གཟའ་འཁོར་གྱི་ཚོགས་འདུའི་སྟེང་འགྲན་བསྡུར་རྣམ་གྲངས་ཁག་གི་སྒྲིག་ཆས་དང་ལག་རྩལ་ཚད་གཞི་སོགས་ཀྱི་ཆ་འཕྲིན་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་ནས་འགྲན་བསྡུར་སྒྲིག་འཛུགས་དང་འགྲན་ཞུགས་བྱ་བར་གྲ་སྒྲིག་གང་ལེགས་བྱ་རྒྱུ་རེད། ཚོགས་ཡུན་ཉིན4ཡིན་པ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ800ལྷག་ཚོགས་འདུར་ཞུགས་པའི་ཁྲོད་ཀྲུང་གོ་ཕྱོགས་ཀྱི་མི་སྣ་རྣམས་ཡུལ་དངོས་སུ་ཚོགས་འདུར་ཞུགས་རྒྱུ་དང་ཕྱི་ཕྱོགས་མི་སྣ་རྣམས་བརྙན་ལམ་བརྒྱུད་ནས་ཚོགས་འདུར་ཞུགས་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།