ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཧའེ་ཧི་ཆུ་བོའི་འབབ་རྒྱུད་དུ་དགུན་གྲོའི་ཞིང་ཁའི་དོ་དམ་དང་ཆུ་བེད་འཛུགས་སྐྲུན་འཁོར་སྐྱོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཧའེ་ཧི་ཆུ་བོའི་འབབ་རྒྱུད་ཀྱི་ཧི་ནན་དང་ཨན་ཧུའེ། ཅང་སུའུ་བཅས་སུ་དགུན་གྲོའི་ཞིང་ཁའི་དོ་དམ་དང་ཆུ་བེད་འཛུགས་སྐྲུན་འཁོར་སྐྱོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ནན་འཛིན་ཏན་ཏིག་བྱས་ནས། ནུས་ཤུགས་ཡོད་རྒུས་དབྱར་འབྲུར་ལོ་ལེགས་འབྱུང་བ་དང་ཆུ་བེད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད་ཆུ་བེད་ཀྱི་འདེགས་སྐྱོར་སྔར་བས་ཆེ་བ་མཁོ་འདོན་བྱེད་དགོས།

ཧའེ་ཧི་ཆུ་བོའི་འབབ་རྒྱུད་ནི་རྒྱལ་ཡོངས་ཀྱི་དགུན་གྲོ་ཐོན་ཁུལ་གཙོ་བོ་དང་ཆུ་བེད་འཛུགས་སྐྲུན་གྱི་གཙོ་གནད་ས་ཁོངས་ཡིན། ཧུའུ་ཁྲུན་ཧྭ་ཡིས་སྔ་རྗེས་སུ་ཧའེ་ཧི་ཆུ་བོའི་གཞུང་རྒྱུན་དུ་གནས་པའི་ཧི་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་དང་། ཨན་ཧུའེ་ཞིང་ཆེན་ཕུའུ་དབྱང་གྲོང་ཁྱེར། ལིའུ་ཨན་གྲོང་ཁྱེར་། ཧའེ་ནན་གྲོང་ཁྱེར། ཁྲུའུ་ཀྲོའུ་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་བཅས་སུ་ཕེབས་ནས། གྲོ་ལྗང་སྐྱེ་བའི་གནས་ཚུལ་དང་དཔྱིད་རྨོད་དཔྱིད་གྲབས་ཀྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་། ཆུ་མཛོད་དང་ཆུ་རགས། ཆུ་ལོག་རྒྱུག་ཁུལ་སོགས་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ཞའོ་ཀང་གྲོང་ཚོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཤེས་རྟོགས་ཞིབ་ཕྲ་གནང་། 

ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། སྟོན་དུས་ཆུ་རྒྱས་པ་སོགས་རྒྱུ་རྐྱེན་ངན་པའི་ཤུགས་རྐྱེན་སྟབས། ད་ལོའི་དགུན་གྲོའི་སྐྱེ་བ་སྤྱིའི་ཆ་ནས་ཅུང་ཞན། གྲོ་སྐྱེ་བའི་འགག་སྒོ་གལ་ཆེན་ནན་འཛིན་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་ཞིང་ཁར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལུད་དོ་དམ་བྱེད་ཐབས་རིགས་དབྱེ་སྒོས་དོན་འཁྱོལ་བྱེད་པ། ནད་འབུའི་གནོད་འཚེ་མཉམ་འགོག་མཉམ་བཅོས་ཡག་པོ་བྱེད་པ་བཅས་ཀྱིས་མྱུ་གུ་སྐྱེ་ཚུལ་དུས་ཐོག་ཏུ་སྟོབས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། རིམ་པ་བཞིན་ལས་ཀའི་འགན་འཁྲི་ཇེ་ནན་དུ་གཏོང་བ་དང་། འདེབས་ཁྱོན་ཏན་ཏིག་ངང་བརྟན་བརླིང་དང་ཆེ་རུ་གཏོང་བ། ཞིང་ལས་ལག་རྩལ་པ་གཞི་རིམ་དུ་སྐྱོད་པར་རྩ་འཛུགས་བྱེད་པ། ལག་རྩལ་མཛུབ་ཁྲིད་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཐོན་སྐྱེད་དང་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། 

 ཧུའུ་ཁྲུན་ཧྭ་ཡིས་ནན་གྱིས་བསྟན་དོན། ཧའེ་ཧི་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཧའེ་ཧི་ཆུ་བོའི་འབབ་རྒྱུད་ཀྱི་ལས་གྲྭ་གལ་ཆེན་ལག་བསྟར་ཇེ་མགྱོགས་སུ་གཏོང་བ། དབུས་སྨད་རྒྱུད་ཀྱི་ཆུ་ལོག་རྒྱུག་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། ཆུ་ལོག་རྒྱུག་ཡུལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ཆུ་ལོག་རྒྱུག་ཁུལ་གྱི་བཀོད་པ་རིམ་བཞིན་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས། ཆུ་ལོག་རྒྱུག་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད། ཆུ་འདྲེན་བཅས་ཀྱི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེ་སྔོན་འགོག་བྱེད་ནུས་སྔར་བས་ཆེ་རུ་གཏོང་དགོས། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་ཀྱི་གེགས་འགོག་དང་ལོ་ལེགས་ཡོང་བའི་རྨང་གཞིའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།