ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་ཞིང་སྡེ་པུའུ་ཡིས2025ལོར་བསླེབ་དུས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཞིང་ར1000འཛུགས་སྐྲུན་བྱ་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་ལམ《སྐྱེ་ཁམས་ཞིང་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར》དཔར་འགྲེམ་བྱས་ཏེ། 2025ལོར་བསླེབ་དུས་རྒྱལ་ཡོངས་ནས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཞིང་ར1000འཛུགས་སྐྲུན་བྱ་རྒྱུ་དང་། དེར་བརྟེན་ཞིང་ཆེན་སོ་སོས་ས་གནས་ཀྱི་སྐྱེ་ཁམས་ཞིང་ར10000འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཏེ། ལྗང་མདོག་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་རྒྱུ་ཡིན་པའི་འཆར་གཞི་བཟོས།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་པར། ངེས་པར་དུ་ཕན་འབྲས་མཐོ་བ་དང་ཐོན་རྫས་བདེ་འཇགས། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་ལེགས་པའི་འཕེལ་རྒྱས་ཀྱི་ལམ་བུ་བསྐྱོད་དགོས། ཡིན་ཡང་སྐྱེ་ཁམས་ཞིང་ར་ནི་སྐྱེ་ཁམས་ཞིང་ལས་ལག་རྩལ་དང་དེང་རབས་སྒྲིག་ཆས་སྔོན་ཐོན། ལྗང་མདོག་ཐཱན་ཉུང་འདུ་ཤེས་སོགས་ཞིང་ལས་འཕེལ་རྒྱས་ཀྱི་ལག་ལེན་གཙོ་གཞི་ཁྲོད་ནང་དྲངས་བྱ་རྒྱུ་དེ་ཡིན། སྐྱེ་ཁམས་ཞིང་རའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་འགན་སྲུང་བྱེད་ཐུབ་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་གནོན་ཤུགས་ཀྱང་ཇེ་ཡང་དུ་གཏོང་ཐུབ་ལ། དེ་ནི་སོན་བཟང་འདེབས་གསོ་དང་སྤུས་ཚད་མཐོར་འདེགས། ཟོང་རྟགས་གཏོད་པ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་ཐབས་གཞི་ཚུགས་པའི་འདེགས་སྐྱོར་ནུས་ལྡན་ཡིན།

ཞིང་ལས་ཞིང་སྡེ་པུའུ་ཡིས་བསྟན་དོན། སྐྱེ་ཁམས་ཞིང་ར་དེ་ཚོང་རའི་གཙོ་གཞི་ཡིན་པའི་ཆ་ནས། དེ་ནི་ཞིང་ལས་ཐོན་སྐྱེད་ཚོང་གཉེར་བྱ་འགུལ་གྱི་བྱེ་བྲག་གི་ལག་བསྟར་བྱེད་མཁན་ཡིན། སྐྱེ་ཁམས་ཞིང་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྐྱེ་ཁམས་ཞིང་ལས་ལག་རྩལ་གནད་ཁེལ་ཁྱབ་གདལ་གཏོང་ཐུབ་པ་མ་ཟད། སྐྱེ་ཁམས་ཁ་གསབ་སྲིད་ཇུས་གནད་ཁེལ་དོན་འཁྱོལ་བྱེད་ཐུབ་ལ། སྐྱེ་ཁམས་འཁོར་རྒྱུག་ཞིང་ལས་གནད་ཁེལ་འཕེལ་རྒྱས་སུ་གཏོང་ཐུབ། དེས་ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཐུབ་པ་མ་ཟད། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་ཕན་ནུས་གལ་ཆེན་ལྡན།

ཞིང་ལས་ཞིང་སྡེ་པུའུ་ཡིས་སྲིད་གཞུང་གིས་སྣེ་ཁྲིད་དང་ཚོང་རའི་གཙོ་ཁྲིད། སྤྱི་ཚོགས་ཞུགས་པའི་མཐུན་སྦྱོར་སྐུལ་འདེད་ལམ་ལུགས་བཙུགས་ཏེ། ནོར་སྲིད་དང་དངུལ་རྩ་སོགས་རྒྱབ་སྐྱོར་སྲིད་ཇུས་དག་སྐྱེ་ཁམས་ཞིང་ར་རུ་དོན་འཁྱོལ་དང་གཞི་ཚུགས་རྒྱུ་དང་། སྐྱེ་ཁམས་ཞིང་རའི་ཐོན་ཡུལ་ཁོར་ཡུག་བཅོས་སྐྱོང་དང་། ཐོན་སྐྱེད་གོ་རིམ་ཚོད་འཛིན། ཐོན་རྫས་སྤུས་ཚད་མཐོར་འདེགས། ཚོང་རའི་ཚོང་གཉེར་ཞབས་ཞུའི་ཕྱོགས་ཀྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་བྱེད་ཐུབ། ཟོག་འབྲེལ་དྲ་རྒྱ་དང་གྲངས་འཛིན་ཆེན་མོ། རིག་ནུས་སྒྲིག་ཆས་སོགས་སྐྱེ་ཁམས་ཞིང་ར་རུ་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། རིག་ནུས་ཅན་དང་གྲངས་འཛིན་ཅན། དྲ་རྒྱ་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་བསྟན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།