ཀྲུང་གོ་བོད་ཀྱི་དྲ་བ།

དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་དང་ཞབས་ཞུར་གཟེངས་བསྟོད་ཆེན་པོ་ཐོབ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ་གཉིས་པའི་ཚེས་དྲུག་ཉིན་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་སྨྱན་བྱད་ལྟེ་གནས་ཀྱི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་དང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ལས་བྱེད་མི་སྣའི་བརྩེ་བའི་ཞབས་ཞུ། གནད་དོན་མྱུར་མོར་ཐག་གཅོད་བྱེད་པའི་སྣང་ཚུལ་བཅས་ལ་འགྲན་ཞུགས་འཐུས་ཚབ་ཚོགས་པ་དང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་གཟེངས་བསྟོད་ཆེན་པོ་ཐོབ་ཡོད། 

པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཆེད་ཞུ་ཀྲུའུ་ཞི་གཞོན་པ་ཧན་ཙི་རོང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཟླ་གཉིས་པའི་ཚེས་གཉིས་ཀྱི་ཚུན་ལ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་སོ་སོ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། འགྲན་སྡུར་བྱ་བ་སྤྱིའི་ཕྱོགས་ནས་གཏན་འཇགས་ཡིན་པ་དང་། ཡོ་རོབ་གླིང་བྱང་མའི་རྣམ་གྲངས་གཉིས་དང་འཁྱག་བུམ། འཁྱག་རོམ་སྤོ་ལོ་སོགས་ཡན་ལག་རྣམ་གྲངས་བཅུ་གསུམ་གྱི་འགྲན་སྡུར་སྤེལ་བཞིན་ཡོད། འགྲན་སྡུར་འགན་སྲུང་ཐད། པེ་ཅིང་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ལུས་རྩལ་པ་སྙིང་བོར་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཚོགས་རའི་འཛུགས་སྐྲུན་དང་སྦྱོང་བརྡར་གྱི་ཆ་རྐྱེན། འཚོ་བའི་འགན་སྲུང་། སྨན་བཅོས་རོགས་སྐྱོར་སོགས་ཕྱོགས་སོ་སོ་ནས་ལུས་རྩལ་པ་སོ་སོར་ཆ་རྐྱེན་བཟང་བོ་འདོན་སྤེལ་བྱས་ཏེ། ལུས་རྩལ་པ་བརྟན་བརླིང་དང་བདེ་འཇགས་ངང་འགྲན་སྡུར་ལ་ཞུགས་པར་ཁག་ཐེག་བྱས་ཡོད། ལས་བྱེད་མི་སྣས་ཀྱང་འགྲན་སྡུར་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་ལ་སྤྱི་བསྡོམས་བྱས་པ་དང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་བར་དུ་ཉིན་རེ་བཞིན་འབྲེལ་འདྲིས་ཟབ་མོ་བྱས་ཏེ། དུས་ལྟར་གནད་དོན་རྙེད་པ་དང་དུས་ལྟར་ཇུས་གཞི་ལེགས་བཅོས་བྱས་ནས། འགྲན་སྡུར་བྱ་བ་བདེ་འཇགས་ངང་སྤེལ་བར་ཁག་ཐེག་བྱས་ཡོད། བསྟུད་མར་ཉིན་འགའི་རིང་ལ། ལུས་རྩལ་པ་དག་གིས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་སྡོད་ཁང་དང་བཟའ་བཏུང་། འགྲན་ར་བཅས་ལ་གདེང་འཇོག་དང་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད། 

ཧན་ཙི་རོང་གིས་བསྟན་དོན། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྱང་མུ་མཐུད་དུ་འབད་བརྩོན་ལྷོད་མེད་ཀྱིས་ལུས་རྩལ་པ་དག་ལ་འདྲ་མཉམ་དང་ཆེད་ལས། བདེ་འཇགས་བཅས་ཡིན་པའི་འགྲན་སྡུར་སྟེགས་བུ་ཞིག་བསྐྲུན་པ་དང་། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གནས་ཚུལ་བསྒྲགས་པའི་སྨྱན་བྱད་དག་ལ་སྤུས་ལེགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར། 

བསྟུད་མར་ཉིན་འགའི་རིང་ལ། གསར་འགོད་པས་སྨྱན་བྱད་ལྟེ་གནས་དང་ཡན་ལག་ཚོགས་ར་སོ་སོ་ནས་འགྲོ་འདུག་གི་ས་མཚམས་གསལ་བ་དང་ས་ཁོངས་ཀྱི་བྱེད་ནུས་གསལ་བོ་ཡིན་ལ། རིམས་འགོག་གི་བྱེད་ཐབས་དོན་འཁྱོལ་བྱས་ཡོད། དགའ་བསུ་ཆེ་བའི་རྣམ་གྲངས་ཀྱི་ཚོགས་ར་ཡིན་ཡང་མི་རྣམས་འཚང་ཁ་བྱེད་པའི་སྣང་ཚུལ་བྱུང་མེད། ལས་བྱེད་མི་སྣ་དང་དང་བླངས་པས་རོགས་རམ་མཁོ་བའི་སྐབས་སུ་ཉེ་སར་བཅར་ནས་བཟོད་བསྲན་ཆེ་བ་དང་ནུས་པ་གང་ཡོད་ཀྱིས་གནད་དོན་ཐག་གཅོད་བྱེད་སྲིད། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་ཚང་མ་ཧ་ཅང་ཆེ་ཡང་། ལམ་རྟགས་སོགས་གསལ་བོར་མཐོང་ཐུབ་པས་མགོ་འཁོར་བ་སོགས་ཀྱི་གནད་དོན་གཏན་ནས་འབྱུང་མི་སྲིད་ལ། མི་ཚང་མར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།