ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཤིས་དབྱང་དང་ཁ་པར་བཏང་ནས་གྲོས་མོལ་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས7ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨ་པུའུ་ཏུའུ་ལ་ཤིས་དབྱང་གཉིས་ཀྱིས་ཁ་པར་བཏང་ནས་གྲོས་མོལ་མཛད།

ཨ་པུའུ་ཏུའུ་ལ་ཤིས་དབྱང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ངོ་མཚར་ལ་རྟེན་འབྲེལ་ཞུས་པ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་འབྱུང་བའི་ཡིད་ཆེས་ཡོད་ལ། ཀྲུང་གོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། དབྱི་རན་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་སོ་སོའི་འགྲོ་འོང་དམ་ཟབ་བྱས་ཏེ་དབྱི་རན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 

ཝང་དབྱི་ཡིས་བཤད་རྒྱུར། ཉེ་སྔོན། ཙུང་ཐུང་ལའེ་ཞུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་རྟེན་འབྲེལ་ཞུས་པ་དང་། ཁྱོད་རང་ཉིད་ཀྱིས་ཀྱང་རྒྱ་ཡིག་གི་ལམ་ནས་སྨྱན་བྱད་སྟེགས་བུ་བརྒྱུད་ནས་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་གནང་བར། ང་ཚོས་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་བཞིན་ཡོད། དབྱི་རན་གྱི་ལས་རྩལ་པ་ཚོས་དགུས་དུས་ཨོ་རྩལ་འགྲན་ཚོགས་སྟེང་གྲུབ་འབྲས་ཡག་པོ་ལོན་པར་སྨོན་འདུན་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་བ་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ནང་དོན་གསར་པ་ཟམ་མི་ཆད་པར་སྣོན་རྒྱུ་ཡིན་ཞེས་བཤད། 

ཨ་པུའུ་ཏུའུ་ལ་ཤིས་དབྱང་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་གྱི་ཁ་ཆད་ལག་བསྟར་སླར་གསོ་བྱེད་པའི་གྲོས་མོལ་གྱི་འཕེལ་རིམ་གསར་ཤོས་བརྡ་ཁྱབ་སྤེལ་བ་དང་འབྲེལ།  དབྱི་རན་ཕྱོགས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་གྲོས་མཐུན་འཇོག་རྒྱུར་འབད་བརྩོན་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག   དབྱི་རན་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་ཀྱིན་ཡིན།   གྲོས་མཐུན་གང་ཞིག་ཡིན་རུང་གྲོས་མོལ་བྱེད་དགོས་པ་ལས་མི་གཅིག་གིས་གཞན་ལ་བཙན་འགེལ་བྱེད་མི་རུང་བ་དང་། མཐའ་མའི་གྱོད་གཞི་ནི་ཐུན་མོང་གིས་གྲོས་མོལ་བྱས་པའི་འབྲས་བུ་ཞིག་ཡིན་དགོས།  ཝང་དབྱིས་བཤད་རྒྱུར།  དབྱི་རན་ཕྱོགས་ཀྱིས་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་གྱི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ། དབྱི་རན་ཕྱོགས་ཀྱིས་གྲོས་མོལ་ཁྲོད་ལུགས་མཐུན་གྱི་རེ་འབོད་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།  སྤྱིའི་ཆ་ནས་བལྟས་ན།  གྲོས་མོལ་དེ་མཐའ་མའི་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་སུ་དགེ་མཚན་ལྡན་པའི་གོམ་སྟབས་ཤིག་སྤོ་བཞིན་ཡོད།  དབྱི་རན་གྱི་ལུགས་མཐུན་ཁེ་དབང་ཐད་ཕྱོགས་སོ་སོའི་མཐོང་ཆེན་གང་ལེགས་བྱེད་པའི་ཡིད་ཆེས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་སྔ་མོ་ནས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་འབད་བརྩོན་བྱེད་འདོད་ཡོད་ཅེས་བཤད། 

ཕྱོགས་གཉིས་ཀྱིས་ད་དུང་ཨ་ཧྥུ་ཧན་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།