ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན། ཀྲུང་གོའི་ལམ་ཐུང་མྱུར་ཤུད་ལུས་རྩལ་པ་ཆུའུ་ཁྲུན་ཡུས་དང་། ཧྥན་ཁུ་ཞིན། ཀྲང་ཡུས་ཐེན། ཝུའུ་ཏ་ཅིན། རིན་ཙེ་ཝེ་བཅས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་བླངས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་། གློག་འཕྲིན་ཡོངས་གཤམ་གསལ་ལྟར།

ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ། 

ངས་རང་རྒྱལ་གྱི་ལུས་རྩལ་པ་ཆུའུ་ཁྲུན་ཡུས་དང་། ཧྥན་ཁུ་ཞིན། ཀྲང་ཡུས་ཐེན། ཝུའུ་ཏ་ཅིན། རིན་ཙེ་ཝེ་བཅས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལམ་ཐུང་མྱུར་ཤུད་མཉམ་བསྲེས་ཚོགས་པའི་སྨི2000ཀྱི་མཐུད་རྒྱུག་འགྲན་བསྡུར་ནང་དཔའ་ངར་ཞུམ་མེད་ངང་གཟི་བརྗིད་བྱ་དགའ་བརྩོན་ལེན་བྱས་ཤིང་། ཀྲུང་གོའི་ལུས་རྩལ་པས་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་ནས། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་བླངས་པ་ཐོས་བྱུང་། ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་བྱ་དགའ་ཐོབ་པའི་ལུས་རྩལ་པ་དང་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན། 

མཐར་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཀུན་སྤྱོད་ལྡན་པའི་གསེར་གྱི་རྟགས་མ་དང་། ཉམས་འགྱུར་ལྡན་པའི་གསེར་གྱི་རྟགས་མ། དྭངས་གཙང་ཡིན་པའི་གསེར་གྱི་རྟགས་མ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས། “འགན་འཁྲི་ཕྲག་ཏུ་འཁུར་བ་དང་འབད་འཐབ་བྱེད་པར་ང་རང་ཡོད”ཅེས་པའི་འགན་འཁྲིས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། བསམ་པའི་དཔལ་ཡོན་དང་ལུས་རྩལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་སྔར་བས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་རེ་བ་ཡོད།

སུན་ཁྲུན་ལན།

2022ལོའི་ཟླ2པའི་ཚེས6ཉིན།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།