ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་ནས་ཧན་གོ་རྒྱལ་ཚོགས་ཀྱི་གྲོས་དཔོན་ཕུའུ་པེན་ཞི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས5ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་ནས་ཧན་གོ་རྒྱལ་ཚོགས་ཀྱི་གྲོས་དཔོན་ཕུའུ་པེན་ཞི་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་ཕུའུ་པེན་ཞི་ཡིས་ཚོགས་པ་ཁྲིད་དེ་པེ་ཅིང་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་དགའ་བསུ་ཞུས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུན་ཙེ་དབྱིན་རྣམ་གཉིས་ཀྱི་འཐབ་ཇུས་མཛུབ་ཁྲིད་འོག ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་སོ་སྲུང་རོགས་རེས་བྱས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཧན་གོ་རྒྱལ་ཚོགས་དང་མཉམ་དུ་མཛའ་མཐུན་སྲོལ་རྒྱུན་རྒྱུན་འཁྱོངས་བྱས་ཤིང་། དུས་བཅད་བརྗེ་རེས་རྐྱེན་སྲོལ་སོགས་སྟེགས་བུ་མུ་མཐུད་དུ་བཀོལ་སྤྱོད་གང་ལེགས་བྱས་པ་དང་། རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་མང་དུ་བཏང་ཞིང་ཁྲིམས་སྐྱོང་འཛུགས་སྐྲུན་དང་ཁྲིམས་སྐྱོང་སྲིད་འཛིན་སོགས་ཕྱོགས་ཀྱི་ཉམས་མྱོང་ལོངས་སུ་སྤྱད་དེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ལ་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་གསར་སྐྲུན་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། ལིས་ཀྲིན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དམ་པོ་སྲུང་འཛིན་བྱས་ནས། ཆབ་སྲིད་ལ་བརྟེན་ནས་ཕྱེད་གླིང་གནད་དོན་ཐག་གཅོད་པ་དང་ཕྱེད་གླིང་གི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཕུའུ་པེན་ཞི་ཡིས་བཤད་དོན། ཧན་གོ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱེད་གླིང་གི་ཞི་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད། ཧན་གོའི་རྒྱལ་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་འདོད་ཡོད་ལ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་ཡོང་བར་སྨོན་འདུན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།