ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོའི་ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཞུགས་པར་ཡོང་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ནན་གྱི་བསྟན་དོན། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལེགས་པོར་བསྡུ་རྒྱུ་ནི་ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་བླངས་པའི་དམ་ཚིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྟབས་བདེ་དང་བདེ་འཇགས། མཚར་སྡུག་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཤིག་བསྡུས་ནས། རྒྱལ་ཁབ་སོ་སོའི་གངས་ཤུད་ལུས་རྩལ་པ་རྣམས་ལ་རང་ཉིད་ལས་རྣམ་པར་བརྒལ་བའི་གར་སྟེགས་ཤིག་འདོན་སྤྲོད་བྱས་ཡོད། དེ་ནི་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕན་པ་ཡོད་པ་མ་ཟད། དུས་མཚུངས་སུ་པྲོག་གསར་གློ་ཚད་རིམས་ནད་ཀྱིས་འགོག་རྐྱེན་བཟོས་པའི་འཛམ་གླིང་མི་དམངས་ལ་ཡིད་ཆེས་དང་སྟོབས་ཤུགས་སྩོལ་ཆེད་དུའང་ཡིན། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྒྲུབ་པ་བརྒྱུད་ནས། ཀྲུང་གོ་མི་དམངས་ཀྱིས་ཡར་བརྩོན་ལ་ཕྱོགས་པའི་བསམ་བློ་དང་སྟོབས་ཤུགས་སླར་ཡང་བགྲེམ་སྟོན་བྱས་ཡོད། འདི་ལྟ་བུའི་མི་དམངས་ཀྱི་རྒྱབ་དཔུང་ཡོད་ཚེ། ང་ཚོས་དོན་དག་ཅི་ཞིག་ཀྱང་སྒྲུབ་ཆོག

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་། འཛམ་གླིང་སྟེང་དུ་དོན་དག་ཆེན་པོ་གསུམ་ལ་བསམ་གཞིག་དང་དོ་འཁུར་བྱེད་རིན་ཡོད། གཅིག་ནི་མཐུན་སྒྲིལ་གྱིས་རིམས་ནད་འགོག་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལོའི་ལོ་དཀྱིལ་བར་དུ་མི་གྲངས་བརྒྱ་ཆའི་བདུན་ཅུའི་ཡན་ལ་རིམས་ནད་འགོག་ཁབ་རྒྱག་པའི་དམིགས་ཚད་ལ་སླེབས་པའི་རེ་བ་བཏོན་པར་རྒྱབ་སྐྱོབ་བྱེད་ཀྱིན་ཡོད་པ་དང་། ཉིས་སྟོང་ཉེར་གཅིག་ལོར་འགོག་སྨན་དུང་ཕྱུར་ཉི་ཤུ་ཕྱི་རུ་འདོན་སྤྲོད་བྱེད་པའི་ཁས་ལེན་ཀྱང་ཡོངས་སུ་མངོན་འགྱུར་བྱུང་དུ་བཅུག་ཡོད་ལ། མ་འོངས་པར་ཡང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་རྒོལ་ལ་རོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་ཁ་ནས་བཤད་པ་ལག་ལེན་དུ་འདེབས་ངེས་ཡིན་ལ། བཤད་ཕོད་པ་དང་སྒྲུབ་ཕོད་པ་ཡིན། གཉིས་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།  ངས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་གྲོས་འགོ་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་ཚད་མཐོ་བའི་མཐུན་སྦྱོར་ཡོང་བར་བྱེད་པ་ནི། སྔར་ལས་སྟོབས་ལྡན་དང་ལྗང་མདོག བདེ་ཐང་བཅས་ཀྱི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་དམ་ཟབ་བྱས་ཏེ་ཐུན་མོང་སྐུལ་སྤེལ་བྱེད་འདོད་ཡོད།  གསུམ་ནི་དམངས་གཙོ་དར་སྤེལ་བྱེད་རྒྱུ་དེ་རེད། འཛམ་གླིང་ལ་ཀུན་གྱིས་གཏན་ལ་ཕབ་ཅིང་རབ་ཏུ་བཀུར་བའི་ལམ་ལུགས་ཀྱི་དཔེ་གཞི་ཞིག་མེད་ལ། ཕྱོགས་བཞིར་ཁྱབ་ཅིང་ཚད་མར་བཟུང་ཆོག་པའི་འཕེལ་རྒྱས་ཀྱི་རྣམ་པ་ངེས་གཏན་ཞིག་ཀྱང་མེད། རྒྱལ་ཁབ་སོ་སོ་ལ་རང་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་དགོས་མཁོ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གདམ་པའི་དབང་ཆ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིའི་རིགས་ཀྱིས་སའི་གོ་ལའི་སྡེ་བ་རུ་མཉམ་དུ་འཚོ་བ་རོལ་བཞིན་ཡོད་པས། ཕན་ཚུན་གྱི་ལས་དབང་གཅིག་ལ་གཅིག་འབྲེལ་གྱི་ཚུལ་གྱིས་གནས་ཡོད། གོ་ལ་ཧྲིལ་བོའི་རང་བཞིན་གྱི་ཉེན་ཚབས་སྣ་ཚོགས་ལ་ཁ་གཏད་འཇལ་བཞིན། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དགོས་ཀྱི་ཡོད་པ་དང་། དུས་རབས་གསར་བའི་འཕེལ་རྒྱས་ཀྱི་གཟེངས་ཆེན་ཁྲོད་མཉམ་འདུག་བྱས་ན། མིའི་རིགས་ལ་ད་གཟོད་སྔར་ལས་མཛེས་སྡུག་ལྡན་པའི་སང་ཉིན་ཡོད་ངེས།  ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་ནས། རྣམ་པ་གཞི་རྒྱ་ཆེ་ཞིང་འགན་འཁུར་ཆེན་པོ་མཐའ་གཅིག་ཏུ་འཁུར་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པ་དང་། མིའི་རིགས་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས།

ཀུའུ་ཐི་ལའེ་སི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་མགོ་རྩོམ་ལེགས་འགྲུབ་བྱུང་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ། ཀྲུང་གོས་འདི་ལྟ་བུའི་གཞི་རྒྱ་ཆེ་ཞིང་བདེ་འཇགས་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཤིག་རྩ་འཛུགས་བྱས་ནས་ལེགས་འགྲུབ་བྱུང་པ་དངོས་གནས་ལས་སླ་བོ་ཞིག་མ་རེད། མིག་སྔར། འཛམ་གླིང་ལ་མཁོ་བ་ནི་ལེགས་འགྲུབ་བྱུང་བའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཤིག་བསྡུས་ནས། འཛམ་གླིང་མི་དམངས་ལ་གསལ་ཐག་ཆོད་པའི་ཆ་འཕྲིན་བསྒྲགས་ཏེ། རྒྱལ་ཁབ་དང་མི་རིགས། ཆོས་ལུགས་སོགས་གང་ཡང་རུང་བའི་མི་དམངས་ཚང་མ་ཁྱད་གསོད་ལས་རིང་དུ་བརྒལ་ནས། མཐུན་སྒྲིལ་དང་མཉམ་ལས་མངོན་འགྱུར་བྱེད་དགོས་པ་དེ་རེད། ཀྲུང་གོས་འབད་པ་ཆེན་པོས་འཛམ་གླིང་ལ་འགོག་སྨན་དུང་ཕྱུར་ཉི་ཤུ་འདོན་སྤྲོད་བྱས་པ་དང་། འཛམ་གླིང་གི་རིམས་ནད་ཁ་གཏད་འཇལ་བའི་ཕྱོགས་སུ་བྱས་རྗེས་གལ་ཆེན་བཞག   ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་མགོ་བཏོན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་བཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཡོང་པར་སྐུལ་འདེད་གཏོང་པ་དང་། དེ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་དོ་མཉམ་མིན་པ་དང་འདྲ་མཉམ་མ་ཡོང་བའི་གནད་དོན་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན། འཛམ་གླིང་གིས་ཁ་བྲལ་ངོ་རྒོལ་གྱི་བྱ་སྤྱོད་ཐེག་ཐབས་མི་འདུག  ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་བྱས་ན། ད་གཟོད་ཕན་འབྲས་ལྡན་པའི་ངང་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་གཞལ་ཐུབ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ། ཀྲུང་གོའི་གྲོགས་པོའི་འབྲེལ་བ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱོགས་མང་རིང་ལུགས་ཀྱི་གལ་ཆེ་བའི་འདེགས་སྐྱོར་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་མཉམ་ལས་བྱེད་པའི་རེ་བ་ཡོད་ལ། ཀྲུང་གོས་རྒྱལ་སྤྱིའི་མ་ལག་སྒྱུར་བཅོས་ཁྲོད་དུ་གནད་དོན་གལ་ཆེན་མང་པོ་ལ་རང་ནུས་འདོན་སྤེལ་གང་ལེགས་བྱེད་པའི་རེ་འདུན་ཞུ་ཟེར། ཏིན་ཞའེ་ཞང་། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།