ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ནང་དུ་པེ་ཅིང་གི་ཉིས་སྟོང་ཉེར་གཉིས་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་མཁན་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུའུ་ཨར་ཅིས་ཡུའེ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རིང་ལ། ཕྱོགས་གཉིས་ཀས་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་ཕན་ཚུན་བརྩི་འཇོག་བྱས་པ། གཉིས་ཕན་གཉིས་རྒྱལ་གྱི་བྱེད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་དང་འབྲེལ་བའི་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་ཡོད་ཅིང་། གཉིས་ཕན་གཉིས་རྒྱལ་ལ་སྐུལ་འདེད་གང་ལེགས་བཏང་བར་བརྟེན། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་དམིགས་འབེན་དང་འདུ་ཤེས་གཅིག་མཚུངས་ཡིན་ལ། རྒྱལ་སྐྱོང་སྲིད་འཛིན་གྱི་ངོས་ཐད་ནས་ཀྱང་ཐུན་མོང་གི་སྐད་ཆ་གང་མང་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་རྣམ་ཀུན་ཏུ་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་ནི་དུས་ནམ་ཡང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་བློ་གཏད་ཆོག་ཅིང་ཆེས་གཙིགས་ཆེན་བྱས་ཆོག་པའི་གྲོགས་པོ་དང་རོགས་རེས་འབྲེལ་བ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་དུ། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་ལག་གདང་སྦྲེལ་ནས་ཕན་ཚུན་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ནས། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་མཉམ་ལས་ཀྱི་ལས་གཞི་ཆེན་པོ་ཁག་གཅིག་མགྱོགས་མྱུར་ངང་བདམས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་ཚད་གཞི་དང་གཞི་ཁྱོན་ཆེ་རུ་སྐྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ལ་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རོགས་བྱས་ནས། ཀྲུང་གོ་དང་ཅིར་ཅི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་གྱི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ལས་གཞི་སྔ་མོ་ནས་ལག་བསྟར་ཐུབ་པར་བརྩོན་ལེན་བྱེད་དགོས། ཕྱོགས་གཉིས་ཀས་རང་བྱུང་སོལ་རླངས་དང་སླར་སྐྱེས་རུང་བའི་ནུས་ཁུངས་ ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སྣ་མང་ལངས་གཟུགས་ཀྱི་ནུས་ཁུངས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་རིམས་ནད་འགོག་བཅོས་མཉམ་ལས་ཐད་རིམས་འགོག་སྨན་ཁབ་དང་དམིགས་བསལ་ནུས་པ་ལྡན་པའི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་ཚུལ་སྒྱུར་བཅས་ཁྱོན་ཡོངས་ཀྱི་མཉམ་ལས་རྣམ་པ་ཞིག་གྲུབ་ཡོད་ཅིང་། ཕྱོགས་གཉིས་ཀས་ཀྱང་དེའི་ཐད་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཆོག  ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་དབུལ་པོ་ཉུང་གཏོང་གི་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་ཀའི་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་འདོད་ཡོད་ཅིང་། ད་དུང་བདེ་འཇགས་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་རྒྱུ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཏེ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།

མུའུ་ཨར་ཅིས་ཡུའེ་ཡེ་ཧྥུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱི་རང་བཙན་དང་བདག་དབང་། འཕེལ་རྒྱས། བཅོས་སྒྱུར་བཅས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ལ་དཀའ་ངལ་འཕྲད་པའི་སྐབས་སུ། སྒེར་སེམས་ཅི་ཡང་མེད་པའི་སྒོ་ནས་རོགས་རམ་བྱས་ཏེ། ཝུའུ་ཙི་པེ་ཁི་སི་ཐན་དུ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་རིམས་འགོག་སྨན་ཁབ་ཐོན་སྐྱེད་ལྟེ་གནས་ཐོག་མ་བཙུགས། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་བདག་དབང་དང་ བདེ་འཇགས་སོགས་ཁེ་ཕན་གཙོ་བོར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་དང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་རྒྱུ། ཀྲུང་གོ་དང་ཅིར་ཅི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་སོགས་མཉམ་ལས་ལས་གཞི་གལ་ཆེན་ལ་སྐུལ་འདེད་གང་ལེགས་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ས་ཁུལ་གྱི་མཉམ་ལས་སྒྲོམ་གཞིའི་ཁྲོད་ཀྱི་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་པར་བསྟན།

ཏིན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱིས། ཧི་ལིས་ཧྥུན་སོགས་མཇལ་འཕྲད་དངོས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།