ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

༢.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་ལོན་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་རིམ་པ་གསར་པར་སླེབས་པ་དང་། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་མཐོ་ཚད་གསར་པར་སླེབས་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་ནང་དོན་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་ཡང་དོན་སྙིང་ཆེན་པོ་ལྡན། ཀྲུང་གོས་ཧ་སག་སི་ཐན་གྱིས་རང་བཙན་དང་རང་བདག མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཧ་སག་སི་ཐན་ཕྱོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་པར་ཡིད་ཆེས་ཡོད། ཀྲུང་གོ་ནི་དུས་གཏན་དུ་ཧ་སག་སི་ཐན་ཕྱོགས་ཀྱི་བློ་གཏད་ཆོག་པའི་གྲོགས་པོ་དང་སྤུན་ཟླ་བཟང་པོ་ཡིན་ཞིང་། ཧ་སག་སི་ཐན་གྱིས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་བཅོས་བྱེད་པ་བཅས་ལ་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧ་སག་སི་ཐན་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། དར་རྒྱས་གོང་འཕེལ་མཉམ་དུ་གཉེར་བ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་བརྩེ་བློ་བརྟན་འགྱུར་མེད་ཀྱིས་ཇེ་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་མཉམ་ལས་ཟབ་སྤེལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྔོན་ལ་ཚོད་ལྟ་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་མཉམ་ལས་ཀྱི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་མིག་དཔེ་བསྟན། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གཙོ་སྙིང་དུ་བྱས་ཏེ། ཐོན་ནུས་དང་ཉོ་འཚོང་། ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་དམིགས་བསལ་གྱི་ཁ་ཕྱོགས་སུ་བརྩིས་ནས། ཕན་ཚུན་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་དགོས། ཀྲུང་གོས་ཧ་སག་སི་ཐན་བར་གྱི་བདེ་འཇགས་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་བདེ་འཇགས་གཏན་འཇག་ལ་སྲུང་སྐྱོབ་བྱེད་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་གྱི་འབྲེལ་འདྲིས་རོགས་ལས་ལ་ཤུགས་བསྣན་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཐོ་ཁ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུ། ཀྲུང་གོའི་འཕེལ་རྒྱས་དུས་རིམ་གསར་པར་ཞུགས་པ་དང་། ཧ་སག་སི་ཐན་གྱིས་ཀྲུང་གོའི་བར་གྱི་འབྲེལ་བར་གཅེས་སྤྲས་བྱེད་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱས་ཡོད། ཧ་སག་སི་ཐན་གྱིས་སྔར་བཞིན་ཀྲུང་གོ་ནི་གྲོགས་པོ་དང་སྤུན་ཟླ་བཟང་པོར་བརྩིས་ཡོད་ལ། ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྒྲོམ་གཞིའི་འོག་ཀྲུང་གོའི་བར་གྱི་མཐུན་སྦྱོར་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།