ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།

༡.jpg

༢.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གྱུར་པ་དང་། དངོས་གཉེར་མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་ལ། མཐུན་སྒྲིལ་དམ་པོས་རིམས་ནད་འགོག་རྒོལ་བྱས་པར་ཕན་འབྲས་ཆེན་པོ་ཐོབ། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཀྲུང་གོས་ཨ་རབ་དང་། ཨ་ཧྥེ་རི་ཁ་གླིང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བཅས་ལ་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་བྱེད་པའི་མིག་དཔེར་གྱུར་ཡོད། དེང་སྐབས་ཀྱི་འཛམ་གླིང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་འཕྲད་ཡོད་ལ། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། ཐུན་མོང་གི་འཕེལ་རྒྱས་འཚོལ་སྙེག་བྱེད་པ། མི་དམངས་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་པ། འཛམ་གླིང་གི་འདྲ་མཉམ་དྲང་བདེན་གྱི་ལས་དོན་ལ་ཡར་སྐུལ་བྱེད་པའི་ཁྲོད་དུ། འདུ་ཤེས་གཅིག་མཐུན་དང་འཐབ་ཇུས་གཅིག་མཚུངས་ཡིན། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། དུས་རབས་གསར་པར་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས་ལ། ཀྲུང་གོས་ཨེ་ཅིབ་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོ་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཨེ་ཅིབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་ཕུགས་འདུན་གཉིས་མུ་མཐུད་དུ་སྦྲེལ་མཐུད་བྱས་ཏེ། སུའུ་དབྱི་ཧྲི་མིས་བཟོས་གཙང་བོའི་བར་ཁྱམས་གསར་སྤེལ་སོགས་མཉམ་ལས་རྣམ་གྲངས་སྤེལ་ནས། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་གྲོས་གཞི་ལག་བསྟར་བྱེད་པའི་ཐད་ནས་མཉམ་ལས་བྱེད་དགོས། ན་ནིང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཨ་ཧྥེ་རི་ཁ་གླིང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མཉམ་འབྲེལ་ཐོན་སྐྱེད་བྱེད་སར་འཛུགས་སྐྲུན་བྱས་ཏེ། ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་ནང་དོན་ཇེ་ཟབ་ཏུ་བཏང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐུན་སྒྲིལ་དམ་པོས་རིམས་ནད་འགོག་སྡོམ་བྱེད་དགོས་པ་དང་། ཀྲུང་གོས་མུ་མཐུད་དུ་ཨེ་ཅིབ་ལ་འགོག་ཁབ་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། འགོག་ཁབ་མཉམ་འབྲེལ་གྱིས་ཐོན་སྐྱེད་བྱེད་པ་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཨེ་ཅིབ་ཨ་ཧྥེ་རི་ཁ་གླིང་གི་འགོག་ཁབ་ཐོན་སྐྱེད་ལྟེ་གནས་སུ་འགྱུར་བར་རོགས་རམ་བྱས་ནས། མཉམ་དུ་འགོག་ཁབ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ནས་ཁྱབ་གདལ་གཏོང་བར་བྱས་རྗེས་འཇོག་དགོས།

སའེ་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་རང་ཀྲུང་གོར་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩམ་པའི་མཛད་སྒོར་ཞུགས་པར་གདན་དྲངས་པར་བཀའ་དྲིན་ཆེ། ཀྲུང་གོས་བཀོད་སྒྲིག་ཞིབ་ཅིང་ཕྲ་བ་བྱས་པར་བཀའ་དྲིན་ཆེ། ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བར་ལོ་རྒྱུས་རིང་པོ་ལྡན་པ་དང་འབྲེལ་བ་སྟོབས་དང་ལྡན། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིས་ཨེ་ཅིབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་པས། ཨེ་ཅིབ་མུ་མཐུད་དུ་དེར་ཧུར་ཐག་གིས་ཞུགས་འདོད་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་ནམ་ཡང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་གྲོགས་པོ་ངོ་མ་བྱས་ཏེ། ཀྲུང་གོ་དང་ལག་གདང་མཉམ་སྦྲེལ་གྱིས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་འདོད་ཡོད། ཨེ་ཅིབ་མི་དམངས་ཀྱིས་རིམས་ནད་ཀྱི་རྗེས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་མྱུར་དུ་ཨེ་ཅིབ་ལ་འཚམས་འདྲིར་ཡོང་བར་རེ་སྒུག་བྱེད་བཞིན་ཡོད།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།