ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སོ་སོར་སིང་ག་ཕོར་གྱི་ཙུང་ཐུང་དང་ཨེ་ཁྭ་ཏོར་གྱི་ཙུང་ཐུང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་བཅས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ལྔ་ཉིན་གྱི་སྔ་དྲོར་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་སོ་སོར་སིང་ག་ཕོར་གྱི་ཙུང་ཐུང་ཧྭ་ལིས་མ་དང་ཨེ་ཁྭ་ཏོར་གྱི་ཙུང་ཐུང་ལཱ་སའོ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏི་སའེ། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཏིན་ཧུང་སིན་བཅས་ལ་མཇལ་འཕྲད་གནང་ནས། ཁོ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར་དང་ལེན་བྱས་ནས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཕྱོགས་སོ་སོས་ཀྲུང་གོས་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་བདེ་བླག་ངང་བསྡུས་པར་སྨོན་འདུན་ཞུས།

ཧྭ་ལིས་མ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། སིང་ག་ཕོར་ནི་ཀྲུང་གོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཀྲུང་གོས་སིང་ག་ཕོར་གྱི་མཐོ་རིམ་འགོ་ཁྲིད་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ། རྒྱལ་སྤྱིའི་སྐམ་མཚོའི་ཉོ་འཚོང་གི་བགྲོད་ལམ་གསར་པའི་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་བ། དངུལ་རྩ་དང་རིམས་འགོག ལས་རིགས་སློབ་གསོའི་གསོ་སྦྱོང་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་ཡིག་ཕན་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་དགོས།

ཧྭ་ལིས་མ་ཡིས་བཤད་རྒྱུར། སིང་ག་ཕོར་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་བ་དང་། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས། མཉལ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

ལཱ་སའོ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཨེ་ཁྭ་ཏོར་ནི་ཀྲུང་གོའི་ལ་ཏེན་མེ་གླིང་ས་ཁུལ་གྱི་མཉམ་ལས་གྲོགས་པོའི་གལ་ཆེན་ཡིན། ཀྲུང་གོས་ཨེ་ཁྭ་ཏོར་བར་གྱི་འཐབ་ཇུས་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་དང་དངུལ་རྩ། འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཨེ་ཁྭ་ཏོར་ཕྱོགས་ཀྱིས་རིམས་ནད་འགོག་སྡོམ་བྱེད་པའི་ཐད་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རང་དབང་ཉོ་འཚོང་ཆོད་དོན་གྲོས་མོལ་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་སྒུལ་ཤུགས་གསར་པ་སྣོན་དགོས།

ལཱ་སའོ་ཡིས་བསྟན་དོན། ཨེ་ཁྭ་ཏོར་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་ཉོ་འཚོང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་སྣོན་པའི་རེ་བ་ཡོད་ལ། ཀྲུང་གོའི་བར་རང་དབང་ཉོ་འཚོང་ཆོད་དོན་གྱི་གྲོས་མོལ་སྤེལ་ནས། མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཐན་ཏི་སའེ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། སྔར་བཞིན་ཛ་དྲག་ཡིན་པའི་གོ་ལ་ཧྲིལ་བོའི་རིམས་ནད་ལ་ཁ་ཕྱོགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། རྒྱུས་ལོན་དང་བཟོད་སྒོམ་བྱེད་དགོས། ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་སྡོམ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་ནུས་པ་སྔར་ལས་གལ་ཆེན་འདོན་སྤེལ་བྱེད་པ་དང་། རིགས་གསར་པའི་འགོག་སྨན་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། སྔ་མོ་ནས་རིམས་ནད་ལས་རྒྱལ་བར་རོགས་འདེགས་བྱེད་འདོད་ཡོད།  ང་ཚོས་ད་དུང་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་འབད་བརྩོན་བྱེད་པ་དང་། ཐོན་ལས་མུ་ཐག་དང་འདོན་སྤྲོད་མུ་ཐག་བདེ་འཇགས་གེགས་མེད་ཡོང་བར་འགན་སྲུང་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།

ཐན་ཏི་སའེ་ཡིས་བསྟན་དོན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་རྒོལ་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་པར་བསྔགས་བརྗོད་བྱས་པ་དང་། ཀྲུང་གོ་དང་མུ་མཐུད་དུ་མཉམ་ལས་བྱས་ཏེ། སྔ་མོ་ནས་རིམས་ནད་ལས་རྒྱལ་བར་བྱེད་འདོད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ནད་དུག་གི་འགོ་ཁུངས་རྩད་གཅོད་ཐད་ནས་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་ཀྱིན་ཡོད།

ཏིན་ཧུང་སིན་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། མུ་མཐུད་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ། ཀྲུང་གོའི་ཕྱི་རྒྱལ་གྱི་མ་དངུལ་བཏང་བའི་ཁེ་ལས་ཀྱི་ཤེས་བྱའི་ཐོན་དབང་ལ་ལྟ་སྟབས་གཅིག་འདྲ་འཛིན་པ་དང་འདྲ་མཉམ་སྒོས་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་ཆེར་བསྐྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་བཅས་བྱས་ཏེ། གསར་གཏོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་མཱ་ལཱ་ཁ་ཧྲི་སྲོལ་ཡིག་དང་ཧེ་ཡ་ཆོད་དོན་ནང་ཞུགས་པར་ཆོག་མཆན་བཀོད་པ་དེས། ཀྲུང་གོའི་རྒྱལ་སྤྱིའི་སྒྲིག་ལམ་ཐད་ཀྱི་དམ་བཅའ་མངོན་པར་བྱས་ཡོད་ལ། ཀྲུང་གོ་རང་ངོས་ཀྱི་འཕེལ་རྒྱས་ལ་ཡང་ཕན་པ་ཡོད། ཀྲུང་གོས་ཤེས་བྱའི་ཐོན་དབང་རྩ་འཛུགས་བར་གྱི་གསར་གཏོད་དང་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།

ཏིན་ཧུང་སིན་གྱིས་བཤད་རྒྱུར། ཀྲུང་གོས་ཤེས་བྱའི་ཐོན་དབང་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ཚང་མའི་མིག་མཐོང་ལག་ཟིན་ཡིན་པ་དང་། ཐོན་དབང་རྩ་འཛུགས་ཀྱིས་ཀྲུང་གོས་ཤེས་བྱའི་ཐོན་དབང་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི༢༠༢༡ལོ་ནས༢༠༣༥ལོའི་བར་གྱི་རྩ་གནད་འགྲེམ་བསྒྲགས་བྱས་པ་དང་འབྲེལ་ཡོད་རྒྱལ་སྤྱིའི་སྲོལ་ཡིག་ནང་ཞུགས་པར་ཆོག་མཆན་བཀོད་པར་བསྔགས་བརྗོད་བྱས་པ་ཡིན་ལ། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།