ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་གསོལ་སྟོན་བཤམས་ནས་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་ཟླ་གཉིས་པའི་ཚེས་ལྔ་ཉིན་གྱི་ཉིན་གུང་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་ནས་གསོལ་སྟོན་བཤམས་ཏེ། པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་རྒྱལ་སྤྱིའི་སྐུ་མགྲོན་ལ་དགའ་བསུ་ཞུས།

དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་། རྒྱལ་སྤྱིའི་སྐུ་མགྲོན་རྣམས་སྔ་གཞུག་ཏུ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཐོན་ནས་རྡོ་སྐས་བརྒྱུད་པ་དང་། གུས་ལུགས་དམག་མིས་གྲལ་སྟར་བསྒྲིགས་ཏེ་དགའ་བསུ་ཞུས།

རྒྱལ་སྤྱིའི་སྐུ་མགྲོན་རྣམས་གཟུགས་འདས་རིག་གནས་ཤུལ་བཞག་བར་ཁྱམས་བརྒྱུད་ནས་ལྟད་མོར་བལྟས།

ཞི་ཅིན་ཕིང་དང་ཕིན་ལིས་ཡོན་རྣམ་གཉིས་ཀྱིས་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ལག་གཡུགས་བྱས་པར་མ་ཟད། མཉམ་དུ་དྲན་རྟེན་གྱི་འདྲ་པར་བསྐྱོན།

ཞི་བདེ། ལས་སྐལ་གཅིག་མཐུན་ཚོགས་པ་ཞེས་པའི་མགྲོན་བསུའི་རོལ་དབྱངས་ཁྲོད་དུ། ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་སྐུ་མགྲོན་རྣམས་དང་མཉམ་དུ་གསེར་ལྡན་ཚོམས་ཆེན་དུ་ཕེབས།

གསོལ་སྟོན་འགོ་བརྩམས་པ་ན་ཞི་ཅིན་ཕིང་གིས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་ཁབ་སོ་སོའི་མི་དམངས། རྒྱལ་སྤྱིའི་རྩ་འཛུགས་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། མདང་དགོང་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྒྱལ་ཁབ་ལུས་རྩལ་ར་བ་ནས་དངོས་སུ་འགོ་བརྩམས། ལོ་བཅུ་བཞིའི་རྗེས་སུ་ཨོ་ལིན་ཕིག་གི་དཔལ་འབར་ཡང་བསྐྱར་པེ་ཅིང་ནས་བསྒྲོན་པ་དང་། པེ་ཅིང་འཛམ་གླིང་ཡོངས་ཀྱི་ཐོག་དང་པོར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དབྱར་ཁའི་ཨོ་རྩལ་འགྲན་ཚོགས་གཉི་ག་བསྡུས་པའི་གྲོང་ཁྱེར་དུ་གྱུར། ཀྲུང་གོས་ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བསྡུ་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་སྟོབས་ཤུགས་ཡོད་རྒུས་སེལ་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཟི་བརྗིད་དམ་བཅའ་ལག་བསྟར་ནན་མོ་བྱས་ཏེ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དུས་ལྟར་བདེ་བླག་ངང་བསྡུ་བར་ཁག་ཐེག་བྱས། ཀྲུང་གོས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བ་དང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལུས་རྩལ་ཁྱབ་གདལ་དུ་བཏང་བ་དང་། གངས་འཁྱགས་ལུས་རྩལ་མང་ཚོགས་ཕལ་བའི་ཁྱིམ་དུ་དར་སྤེལ་བཏང་ནས། མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ལ་ཞུགས་པར་སྐུལ་ཁྲིད་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་ཏེ། འཛམ་གླིང་གི་ཨོ་ལིན་ཕིག་ལས་དོན་ཐད་བྱས་རྗེས་གསར་པ་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨོ་ལིན་ཕིག་ལུས་རྩལ་གྱིས་མིའི་རིགས་ཀྱི་ཞི་བདེ་དང་མཐུན་སྒྲིལ། ཡར་ཐོན་བཅས་ཐད་ཀྱི་འཚོལ་སྙེག་མཚོན་ཡོད། ང་ཚོས་ཨོ་ལིན་ཕིག་ལུས་རྩལ་གྱི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་པ་དང་། འཛམ་གླིང་གི་ཞི་བདེ་མཉམ་དུ་སྲུང་སྐྱོབ་བྱེད་པ། ཕན་ཚུན་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། ཡུན་རིང་ཞི་བདེ་ཡིན་པའི་འཛམ་གླིང་ཞིག་མཉམ་དུ་འཛུགས་སྐྲུན་བྱེད་དགོས། ང་ཚོས་ཨོ་ལིན་ཕིག་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་ཆེན་པོས་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ། དོན་དམ་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་པ་བཅས་བྱས་ཏེ། འཆམ་མཐུན་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁྱིམ་གཞིས་ཆེན་པོ་མཉམ་དུ་འཛུགས་སྐྲུན་བྱེད་དགོས། ང་ཚོས་ཨོ་ལིན་ཕིག་ལུས་རྩལ་གྱི་དམིགས་ཡུལ་ལག་ལེན་བྱེད་པ་དང་། མིའི་རིགས་གོང་འཕེལ་གྱི་ལས་དོན་ལ་བསྟུད་མར་སྐུལ་འདེད་གཏོང་བ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་བརྟན་སྲུང་བྱེད་པ་དང་། རིག་གནས་མི་འདྲ་བའི་བརྗེ་རེས་ལ་ཡར་སྐུལ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ནི་ཀྲུང་གོའི་ཆུ་ཕོ་སྟག་ལོའི་ལོ་སར་གྱི་སྐབས་ལ་འཁེལ་ཡོད་པ་དང་། སྟག་གིས་སྟོབས་ཤུགས་དང་དཔའ་ངར། སྤོབས་པ་བཅས་མཚོན་ཡོད་པས། ཨོ་ལིན་ཕིག་གི་ལུས་རྩལ་པ་རྣམས་ལ་དམར་ཡག་སྟག་གི་སྟོབས་ཤུགས་ཀྱིས་ཁེངས་པ་དང་གྲུབ་འབྲས་ལེགས་པོ་ཐོབ་པའི་སྨོན་འདུན་ཞུ། ཚང་མའི་འབད་བརྩོན་འོག་ཏུ། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་ཐུབ་པར་ཡིད་ཆེས་ཡོད།

རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཁོ་ཚོས་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ཀྱི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྣེ་ལེན་གཟབ་རྒྱས་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། པེ་ཅིང་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས། ཁོ་ཚོས་བསྟན་དོན། ང་ཚོས་མདང་དགོང་གི་ཁྱད་དུ་འཕགས་ཤིང་ངོ་མཚར་ཆེ་བའི་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་ནམ་ཡང་བརྗེད་མི་སྲིད། ཀྲུང་གོ་མི་དམངས་ནི་ཕན་འབྲས་ཆེ་བ་དང་ཆོད་སེམས་བརྟན་པ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ལ་བརྟེན་ནས་མིང་དུ་གྲགས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཡང་ན་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་གང་ལ་བལྟས་རུང་དེ་བདེན་དཔང་བྱས་ཡོད། ཀྲུང་གོས་མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ལ་ཞུགས་པའི་དམིགས་འབེན་སྔ་སྣུར་གྱིས་མངོན་འགྱུར་བྱས་ཏེ། འཛམ་གླིང་གི་གངས་འཁྱགས་ལུས་རྩལ་གྱི་རྣམ་པ་དུས་གཏན་དུ་བསྒྱུར་ནས། ཀྲུང་གོ་དང་འཛམ་གླིང་ཚང་མར་ཕན་ཐོགས་པར་བྱས་ཡོད། སྒྲིག་སྲོལ་ལ་བརྩི་བཀུར་དང་ཕན་ཚུན་ལ་བརྩི་བཀུར་བྱས་ཏེ། ཞི་ཞིང་བཟང་བའི་འགྲན་རྩོད་བརྒྱུད་དེ་འཛམ་གླིང་ལ་མཐུན་སྒྲིལ་བྱེད་པ་ནི། ཨོ་ལིན་ཕིག་ལུས་རྩལ་གྱི་འགན་འཁྲི་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དམིགས་འབེན་ཡང་ཡིན་འོས། དེང་སྐབས་ཀྱི་འཛམ་གླིང་འགྲན་རྩོད་སྣ་མང་ལ་འཕྲད་ཡོད་པས། སྔར་ལས་ཀྱང་མཐུན་སྒྲིལ་དང་མཉམ་ལས་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པེ་ཅིང་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བརྩིས་ཏེ། འགལ་བ་སེལ་བ་དང་མ་འོངས་པར་ཁ་ཕྱོགས་ནས། སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས།

གསོལ་སྟོན་ནི་དགའ་སྐྱིད་ལྡན་པའི་སྣང་ཚུལ་ཁྲོད་དུ་བཤམས། གསོལ་སྟོན་མཇུག་རྫོགས་སྐབས། མཉམ་དུ་མ་འོངས་པར་ཕྱོགས་པཞེས་པའི་རོལ་དབྱངས་ཁྲོད་དུ་ཞི་ཅིན་ཕིང་དང་ཕིན་ལིས་ཡོན་གཉིས་ཀྱིས་རྒྱལ་སྤྱིའི་སྐུ་མགྲོན་རྣམས་ལ་ཕྱག་གཡུགས་གནང་ནས་གྱེས་བྲལ་ཞུས།

ཝང་ཧུའུ་ཉིང་དང་ཧན་ཀྲིན། ཏེན་ཞུའེ་ཞང་། སུན་ཁྲུན་ལན། དབྱང་ཅེ་ཁྲི། ཚའེ་ཆི། ཝང་དབྱི་སོགས་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།