ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།     སྤེལ་དུས། : 2022-02-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།
  • e7d9c022-003e-4b89-a9ef-1624bf5eb504.jpg.jpg

  • ཟླ་2ཚེས་4ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་སྤྲོ་སེམས་འཁོལ་ལ་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཀྲུང་ཨུའི་འབྲེལ་བ་དང་དེ་བཞིན་རྒྱལ་སྤྱིའི་འཐབ་ཇུས་ཀྱི་བདེ་འཇགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། 2014ལོར་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ང་ཨུ་རུ་སུར་སུའོ་ཆི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས་པ་ཡིན། སྐབས་དེ་དུས་ང་གཉིས་ཀྱིས་ལོ་8སོང་རྗེས་པེ་ཅིང་དུ་སླར་ཡང་མཉམ་འཛོམས་བྱ་རྒྱུའི་ཁ་ཆད་བྱས་པ་ཡིན། ད་རེས་ཁྱེད་རང་ཕེབས་པས་ང་གཉིས་ཀྱི“དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཁ་ཆད”མངོན་འགྱུར་བྱུང་ཡོད། དེ་རིང་གི“དཔྱིད་གསར་ལྷན་འཛོམས”ཀྱིས་ཀྲུང་ཨུའི་འབྲེལ་བར་སྐྱེ་སྟོབས་དང་གསོན་ཤུགས་དེ་བས་མང་བ་སྣོན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད་པས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྲན་སློང་དང་ཉམས་ཉེན་མང་པོ་འཕྲད་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་ཐོག་མའི་བསམ་འདུན་བརྟན་པོ་བསྲུངས་ནས་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་ཐོག་མདུན་སྐྱོད་ཐུབ་པ་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་གཉིས་པོས་ཕན་ཚུན་རང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱས་པ་དང་། ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་བརྟན་དུ་ཕྱིན་པ། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་བཅས་བྱས་ཡོད། ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་ལག་ལེན་བསྟར་བ། དམངས་གཙོའི་སྙིང་སྟོབས་ངོ་མ་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་བྱས་ནས་དུས་ངལ་མཉམ་སེལ་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་ཆེད་ཆུ་གཞུང་གི་གཞོམ་མེད་བྲག་རིའི་ནུས་པ་བཏོན་ཡོད། ངས་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་གི་ཀྲུང་ཨུའི་འབྲེལ་བའི་འཆར་འགོད་ཇུས་གཞི་དང་ཁ་ཕྱོགས་གཏན་འཁེལ་གྱི་སྣེ་ཁྲིད་བྱ་ཆེད། ཀྲུང་ཨུའི་ཆུ་ཚད་མཐོ་བའི་ཕན་ཚུན་ཡིད་ཆེས་བྱེད་པ་དེ་ཁྱབ་ཁོངས་ཁག་གི་མཉམ་ལས་གྲུབ་འབྲས་སུ་ཟམ་མི་ཆད་པར་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཏན་ཏིག་བསྐྲུན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཏིང་ཟབ་ལ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་གཅིག་ལ་གཅིག་བརྟེན་གྱི་འཐབ་ཇུས་ཀྱི་རོགས་ལས་རྒྱུན་སྲིང་ལྷོད་མེད་ངང་གཏིང་ཟབ་ཏུ་གཏོང་བ་དང་དཔུང་པ་མཉམ་གཤིབ་ངང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། དེ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པས་སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་ཚང་མར་གཡོ་འགུལ་ཐེབས་མི་སྲིད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ“ཕན་ཚུན་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་བཞིའི”ཐུན་མོང་ངོས་འཛིན་མཐའ་འཁྱོངས་བྱེད་པ། ཕྱོགས་གཉིས་པོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱེད་པ། ཕྱི་ཕྱོགས་ཀྱི་ཐེ་ཇུས་དང་ས་ཁུལ་གྱི་བདེ་འཇགས་འཇིགས་སྐུལ་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་བྱས་ནས་རྒྱལ་སྤྱིའི་འཐབ་ཇུས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་བྱེད་ཟབ་ཏུ་བཏང་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། དཔལ་འབྱོར་དར་རྒྱས་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། རེ་སྒུག་བཅས་ཀྱི་གནད་དོན་ཐད་རྒྱལ་ཁབ་ཆེན་པོའི་བློ་གཤོག་མངོན་པ་དང་རྒྱལ་ཁབ་ཆེན་པོའི་བྱས་རྗེས་འཇོག་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཨུའི་དངོས་ཟོག་ཚོང་དོན་དང་ཞབས་ཞུའི་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་རིས་དོན་འཁྱོལ་ཡག་པོ་བྱས་ཏེ་ཞིང་ལས་དང་། ལྗང་མདོག་ཚོང་དོན། སྨན་རྫས་བདེ་ཐང་། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་ཟོག་འགྲེམས་ཤར་གཏོང་ཐུབ་པ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། ནུས་རྒྱུའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་སྣུམ་རླངས་མཉམ་ལས་ཀྱི་རྣམ་གྲངས་ཆེན་པོར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ནུས་རྒྱུའི་ཁྱབ་ཁོངས་ཀྱི་ལག་རྩལ་གལ་ཆེན་མཉམ་འབྲེལ་ཐོག་གསར་གཏོད་འགག་སྒྲོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གསར་པའི་མཉམ་ལས་རྒྱ་ཆེར་གཏོང་བ། ཕན་ཚུན་དབར་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་པར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་ཨུའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་སྐུལ་འདེད་བཏང་ནས་མི་ཐབས་རིག་ནུས་དང་། ཟོག་སྦྲེལ་དྲ་རྒྱ། རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་སོགས་ཁྱབ་ཁོངས་གསར་ཤོས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ནོར་སྲིད་དངུལ་རྩའི་སྲིད་ཇུས་འབྲེལ་གཏུག་ཇེ་ཟབ་ཏུ་བཏང་ནས་དངུལ་རྩའི་ཉམས་ཉེན་འགོག་པའི་མཉམ་ཤུགས་ཆེ་རུ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འབྲེལ་མཐུད་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ངས་ཁྱེད་དང་ལྷན་དུ་ཀྲུང་ཨུའི་ལུས་རྩལ་སྤེལ་རེས་ལོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལོ་20ཡི་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་པ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་རྩ་འཛུགས་དེ་གའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་པ་དང་། ཁ་ཕྱོགས་ཡང་དག་སྟངས་འཛིན་བྱེད་པ། ཁོངས་མིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དེ་བས་ལེགས་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་གྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་། རིམས་འགོག་མཉམ་ལས་ལ་ཤུགས་སྣོན། དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ལྔ་པོའི་རང་ངོས་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

    ཕུའུ་ཅིང་གིས་གསུངས་དོན། རང་ཉིད་གདན་ཞུས་ལྟར་ཀྲུང་གོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཨོ་རྩལ་འགྲན་ཚོགས་ཀྱི་ཕན་ཚུན་འཚམས་འདྲི་དེ་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འབྲེལ་བ་ཟབ་པའི་མཚོན་ཚུལ་དང་སྲོལ་རྒྱུན་བཟང་པོ་ཞིག་ཏུ་གྱུར་ཡོད། གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་ལ་ཆུ་ཚད་མཐོ་ཤོས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འཚོག་ཐུབ་ངེས་ཡིན་པ་ངར་ཡིད་ཆེས་ཡོད་ལ། ངས་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ལུས་རྩལ་པས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་གི་ངོ་མཚར་ཆེ་བའི་ཉམས་འགྱུར་མངོན་པར་རེ་སྒུག་བྱེད་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་བྱེད་ཐབས་སྣ་ཚོགས་བརྒྱུད་སྤེལ་རེས་ཟབ་མོ་རྒྱུན་འཁྱོངས་བྱ་རྒྱུར་འགོག་རྐྱེན་བཟོ་ཐུབ་མེད་པ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་གཉིས་ཀྱི་ཚོང་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཨུ་རུ་སུ་ཕྱོགས་ཀྱིས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་འདི་ཉིད་ཨུ་རུ་སུའི་འཐབ་ཇུས་རོགས་ཟླ་གལ་ཆེ་ཤོས་དང་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་ཞིག་ཡིན་པའི་ངོས་ནས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ནི་དུས་རབས་21པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་ཞིག་རེད། ང་ཚོས་དེ་རིང་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ཐོག་ནས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་ཚད་མཐོའི་གཅིག་གྱུར་གྱི་ལངས་ཕྱོགས་མངོན་ཡོད། ཨུ་ཀྲུང་འབྲེལ་བའི་འཐབ་ཇུས་ཀྱི་ངོ་བོ་སྔར་ལས་མངོན་གསལ་དོད་དུ་ཕྱིན་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དེས་རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་མངོན་འགྱུར་ལ་ཕན་ཐོགས་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ། འཛམ་གླིང་གི་འཐབ་ཇུས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་དང་རོགས་ལས་སྔར་བས་ཟབ་ཏུ་བཏང་ནས་བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་པོའི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་། བློ་རྩ་བརྟན་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་མཐུན་སྦྱོར་ནུས་པ་སྲུང་སྐྱོང་། བློ་རྩ་བརྟན་པོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བཅས་བྱས་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཚན་རྩལ། དངུལ་རྩ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཨུ་ཀྲུང་གི་ལུས་རྩལ་སྤེལ་རེས་ལོའི་བྱེད་སྒོ་མཉམ་དུ་ཡག་པོ་གཉེར་འདོད་ཡོད།

    གྲོས་མོལ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་ཕུའུ་ཅིང་ལ་གསོལ་སྟོན་བཤམས་པ་རེད།

    བྱེད་སྒོ་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོས《དུས་རབས་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ནས་དམངས་གཙོའི་ལྟ་བ་དང་། འཕེལ་རྒྱས་ཀྱི་ལྟ་བ། བདེ་འཇགས་ཀྱི་ལྟ་བ། སྒྲིག་ལམ་གྱི་ལྟ་བ་བཅས་ཐད་ཀྱི་ཀྲུང་ཨུའི་ཐུན་མོང་གི་ལངས་ཕྱོགས་གཅིག་སྡུད་ཐོག་རྒྱས་བཤད་གནང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད་པ་རེད།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།