ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ད་ལོར་འཆར་གཞི་ཁག་གསུམ་ལག་བསྟར་བྱས་ཏེ་མི་རིགས་སོ་སོའི་རྒྱ་ཁྱབ་པའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས24ཉིན་པེ་ཅིང་ནས་བསྡུས་པའི་རྒྱལ་ཡོངས་ཀྱི་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ད་ལོར་འབྲེལ་ཡོད་སྡེ་ཁག་དང“མི་རིགས་སོ་སོའི་ན་གཞོན་གྱི་བརྗེ་རེས་འཆར་གཞི”དང“རིགས་སོ་སོའི་མང་ཚོགས་ཕན་ཚུན་བསྒར་བརྒྱན་རྣམ་པའི་འཕེལ་རྒྱས་འཆར་གཞི”། “ཡུལ་སྐོར་ལ་བརྟེན་ནས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི”བཅས་འཆར་གཞི་ཁག་གསུམ་ལག་བསྟར་བྱེད་པར་རྩ་འཛུགས་བྱས་ཏེ། མི་རིགས་སོ་སོའི་རྒྱ་ཁྱབ་པའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པས་ངོ་སྤྲོད་ལྟར་ན། “མི་རིགས་སོ་སོའི་ན་གཞོན་གྱི་བརྗེ་རེས་འཆར་གཞིའི”ལས་འགན་གཙོ་བོ་ནི་ཕྱོགས་གཉིས་ནས་མཐའ་མཚམས་དང་ནག་ལོག་ས་ཁུལ། ཤར་དབུས་རྒྱུད་ས་ཁུལ་དང་ནུབ་རྒྱུད་ས་ཁུལ་གྱི་མི་རིགས་སོ་སོའི་ན་གཞོན་རྩ་འཛུགས་བྱས་ཏེ་དབྱར(དགུན)སྒར་བྱ་འགུལ་སོགས་ཉམས་ལེན་རྣམ་པའི་བརྗེ་རེས་བྱ་འགུལ་སྤེལ་ཏེ། མི་རིགས་སོ་སོའི་ན་གཞོན་བར་ཕན་ཚུན་རྒྱུས་ལོན་དང་བརྩི་བཀུར། ཕན་ཚུན་སྤྲོ་སྣང་རྒྱས་པ་དང་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། “རིགས་སོ་སོའི་མང་ཚོགས་ཕན་ཚུན་བསྒར་བརྒྱན་རྣམ་པའི་འཕེལ་རྒྱས་འཆར་གཞིའི”ལས་འགན་གཙོ་བོ་ནི་མཐའ་མཚམས་མི་རིགས་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཤར་དབུས་རྒྱུད་ས་ཁུལ་དུ་ལས་ཞུགས་དང་ལས་སྐྲུན་བྱེད་པར་སྐུལ་མ་བཏང་ནས། ནང་ལོག་གི་ཁེ་ལས་མཐའ་མཚམས་མི་རིགས་ས་ཁུལ་དུ་དངུལ་གཏོང་ལས་དར་དང་གསར་སྤེལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དེ་རེད། “ཡུལ་སྐོར་ལ་བརྟེན་ནས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞིའི”ལས་འགན་གཙོ་བོ་ནི་ཡུལ་སྐོར་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཡུལ་སྐོར་ལ་ནང་དོན་གསར་བ་བསྣན་ཏེ། ལམ་ཐིག་གསར་བ་སྐྲུན་པ་དང་ལས་རྣམ་གསར་བ་འཕེལ་རྒྱས་སུ་བཏང་ནས། གཙོ་གཞི་གསར་བ་སྐྱེད་སྲིང་དང་། རྟེན་གཞི་གསར་བ་བེད་སྤྱོད་གང་ལེགས་བྱ་རྒྱུ་དེ་རེད།

ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་ལོ་ཡིན། རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་ནན་གྱིས་བསྟན་དོན། 2022ལོར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ནས། མི་རིགས་འབྲེལ་བ་འཆམ་མཐུན་བརྟན་བརླིང་ཡིན་པའི་ཁོར་ཡུག་ཡག་པོ་བསྐྲུན་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། སྤྱི་འདོམས་འཆར་འགོད་ལ་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྒོས་སྤེལ་ཏེ། མི་རིགས་སོ་སོའི་མཉམ་སྤྱོད་ཀྱི་ཀྲུང་ཧྭ་རིག་གནས་ཀྱི་མཚོན་རྟགས་དང་སྣང་བརྙན་བཞེངས་སྐྲུན་དང་འབུར་དུ་བཏོན་དགོས། མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དངོས་པོའི་རྨང་གཞི་བརྟན་པོར་འཛུགས་དགོས། མི་རིགས་སོ་སོའི་རྒྱ་ཁྱབ་པའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སྤྱི་ཚོགས་རྨང་གཞི་བརྟན་པོར་འཛུགས་དགོས། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཁྲིམས་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་དགོས། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་གནས་སྟངས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གྲུབ་པར་སྐུལ་འདེད་གཏོང་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།