ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕིང་དང་དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙུའོ་ཀི་ཡིས་ཀྲུང་གོ་དང་དབྱི་སི་རལ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙུའོ་ཀི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་བྱས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས། 

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་སི་རལ་བར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། 2017ལོར་རྒྱལ་ཁབ་གཉིས་བར་གསར་གཏོད་དང་ཁྱོན་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཚུན། ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ངས་ཀྲུང་གོ་དང་དབྱི་སི་རལ་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཙུང་ཐུང་ཧིར་ཙུའོ་ཀེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་30ལོན་པ་གོ་སྐབས་སུ་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ཁེ་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིག་གནས་ཀྱི་འབྲེལ་འདྲིས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་དབྱི་སི་རལ་བར་གྱི་ཁྱོན་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། 

ཧི་ཨར་ཙུའོ་ཀི་ཡིས་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་འཁོར་30ཡི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་། ཞིང་ལས། འཕྲོད་བསྟེན། ཡུལ་སྐོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་ཟ་བའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་ཡོད། ངས་དབྱི་སི་རལ་དང་ཀྲུང་གོའི་བར་གྱི་གསར་གཏོད་དང་ཁྱོན་ཡོངས་ཀྱི་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགན་བཞེས་རིང་དབྱི་སི་རལ་ད་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།

དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་དབྱི་སི་རལ་གྱི་ཙུང་ལི་པིན་ནེ་ཐི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་བྱས། ལི་ཁི་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་དབྱི་སི་རལ་གཉིས་ཀྱིས་བྱེད་ནུས་ལྡན་པའི་གསར་གཏོད་མཉམ་ལས་བྱས་ནས། གཉིས་ཕན་མཉམ་རྒྱལ་བྱུང་བ་རེད། ཀྲུང་གོས་དབྱི་སི་རལ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས། མཉམ་ལས་མཉམ་རྒྱལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ། ་ཀྲུང་གོ་དང་དབྱི་སི་རལ་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་བས་ཆེ་བ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

པིན་ནེ་ཐི་ཡིས་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་འཁོར30སོང་རིང་། ལྷག་པར་དུ་རྒྱལ་ཁབ་གཉིས་བར་གསར་གཏོད་དང་ཁྱོན་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར5སོང་རིང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད། མ་འོངས་པར། དབྱི་སི་རལ་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཡིད་ཆེས་བརྟན་པོ་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།