ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་ལས་རིགས་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མི་བཅས་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ།  སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་ལས་རིགས་དང་གཞི་རིམ་མང་ཚོགས་བཅས་ཀྱིས《སྲིད་གཞུང་བྱ་བའི་སྙན་ཞུ(བསམ་འཆར་བསྡུ་ལེན་གྱི་མ་ཡིག)》ཐད་བཏོན་པའི་བསམ་འཆར་དང་བསམ་ཚུལ་ལ་མཉན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ་འཐུས་མི7གྱིས་རང་རང་གི་མྱོང་ཚོར་དངོས་དང་འབྲེལ་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ཐད་རང་ཉིད་ཀྱི་བསམ་ཚུལ་དང་བསམ་འཆར་བཏོན། ལི་ཁེ་ཆང་གིས་ཁོང་ཚོ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་ཚོགས་ཞུགས་འཐུས་མིས་བཏོན་པའི་བསམ་འཆར་ལ་ནན་ཏན་སྒོས་ཞིབ་འཇུག་བྱ་རྒྱུ་དང་། གཅིག་ཤེས་ཀུན་གྲོལ་གྱིས་སྔར་ལས་ལྷག་པར་སྲིད་གཞུང་གི་བྱ་བ་བཟང་བོ་བསྒྲུབ་དགོས་པའི་བླང་བྱ་བཏོན། 

ལི་ཁེ་ཆང་གིས་ན་ནིང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་སྟབས་དཔལ་འབྱོར་རྒྱུན་འཁྱོངས་དང་སླར་གསོ་འཕེལ་རྒྱས་བྱུང་ལ། ལས་དོན་སོ་སོའི་ཐད་གྲུབ་འབྲས་གསར་བ་ཐོབ་ཡོད། ད་ལོར་རང་རྒྱལ་གྱི་དཔལ་འབྱོར་ལ་འགྲན་སློང་མང་པོ་འཕྲད་སྲིད་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། གཞི་རིམ་མི་དམངས་མང་ཚོགས་ཀྱི་སེམས་གཏམ་ལ་མཉན་པ། ལས་རིགས་ཁག་ཕན་ཚུན་བར་དོ་ཁུར་བྱ་རྒྱུ། དོན་དངོས་ཀྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་བྱ་རྒྱུ། གཞི་རིམ་དམངས་འཚོར་འགན་སྲུང་བྱ་རྒྱུ། ཐུན་མོང་ཐོག་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱ་དགོས་ཞེས་གསུངས། 

པེ་ཅིང་ཡན་ཆིན་ཆུས་པཱ་ལི་ཀྲོང་དཀྱིལ་སྙིང་སློབ་ཆུང་གི་དགེ་རྒན་ཝང་ཞའོ་ཕིན་གྱིས་གཏམ་བཤད་སྤེལ་རྗེས། ལི་ཁེ་ཆང་གིས་བཤད་རྒྱུར། སློབ་གསོ་ནི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་རེ་བ་ཡིན་པས། མུ་མཐུད་དུ་འོས་འགན་སློབ་གསོ་ཐད་མ་དངུལ་གཏོང་ཚད་ཇེ་ཆེར་གཏོང་རྒྱུ་དང་། འོས་འགན་སློབ་གསོའི་དགེ་རྒན་གྱི་ཟླ་ཕོགས་ལ་འགན་སྲུང་བྱ་རྒྱུ། ཞང་དང་སྡེ་བ། རི་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་སློབ་གསོའི་ཆ་རྐྱེན་ལེགས་བསྒྱུར་བྱས་ཏེ། བྱིས་པ་ཚང་མས་སྔར་ལས་བཟང་བའི་སློབ་གསོ་མྱོང་ཐུབ་པ་བྱེད་དགོས། པེ་ཅིང་སློབ་ཆེན་གྱི་ལིག་ཀྲུང་ཧྥན་གྱིས་ཁེ་ལས་ཆུང་འབྲིང་རྣམས་ཚན་རིག་ཐོན་ལས་ཀྱི་སྐྱེ་ཁམས་གསོ་སྐྱོང་བྱེད་པའི་གྲོས་གཞི་བཏོན། ལི་ཁེ་ཆང་གིས་བཤད་རྒྱུར། ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་རྨང་གཞི་ཞིབ་འཇུག་ལ་ཤུགས་སྣོན་པའི་དུས་མཚུངས་སུ། ཉེ་སྤྱོད་ཞིབ་འཇུག་དང་གྲུབ་འབྲས་བསྒྱུར་སྤོ་བྱེད་པར་རམ་འདེགས་བྱ་རྒྱུ་དང། ཚན་རིག་ཞིབ་འཇུག་གླིང་དང་སའོ། མཐོ་རིམ་སློབ་གྲྭ ཁེ་ལས་ཆེ་གྲས་བཅས་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། ཚན་རྩལ་གྱི་ཁེ་ལས་ཆུང་འབྲིང་ཁག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རིག་ཞིབ་འཇུག་མི་སྣར་གསར་སྐྲུན་གྱི་ནུས་པ་སྐུལ་སྤེལ་དང་གྲུབ་འབྲས་གཞན་སྒྱུར་བྱེད་པར་སྟབས་བདེ་བསྐྲུན་དགོས། 

པེ་ཅིང་མཁར་ཤར་ཆུས་ཀྱི་སྒེར་གཉེར་བཟའ་བཏུང་གཉེར་སྐྱོང་བ་ཀའོ་ཧྭ་ཡིས་ཉེ་བའི་ལོ་གཉིས་རིང་གི་བཟའ་བཏུང་ལས་རིགས་དང་ལྷག་པར་དུ་རིམས་ནད་ཀྱི་དབང་གིས་ཟ་ཁང་ཆུང་འབྲིང་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་གླེང་རྗེས། ལི་ཁེ་ཆང་གིས་ཁེ་ལས་ཆུང་འབྲིང་དང་སྒེར་གཉེར་ཁེ་ལས་ཀྱི་ཁྲོམ་རའི་གཙོ་ཤུགས་བརྟན་འཇགས་ཡོང་བར་བྱ་རྒྱུ་ནི། དཔལ་འབྱོར་བརྟན་འཇགས་ངང་ཡར་འཕར་བ་དང་། ལས་ཞུགས་ཀྱིས་དམངས་ཕན་བྱ་བར་བྱས་རྗེས་གལ་ཆེན་འཇོག་པར་ནུས་པ་གང་ལེགས་ཐོན་ལ། མིག་སྔར་ཁོ་ཚོར་དཀའ་ཁག་མང་ལ་གནོན་ཤུགས་ཆེ་བས་རིམ་པ་སོ་སོའི་སྲིད་གཞུང་གིས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་ཉུང་གཏོང་སོགས་ཀྱི་སྲིད་ཇུས་ཐད་རོགས་སྐྱོར་བྱ་རྒྱུ་ཡིན། ཡུལ་སྐོར་དང་བཟའ་བཏུང་། བསིལ་འཚོང་སོགས་ཞབས་ཕྱི་ལས་རིགས་ཀྱིས་ལས་རྐང་མང་པོ་འདོན་སྤྲོད་བྱས་ཡོད་སྟབས། ཁྲོམ་རའི་བདག་གཉེར་བ་ཁག་ལ་དམིགས་བསལ་གྱི་དཀའ་ཁག་མང་པོ་འཕྲད་པ་དང་། དཀའ་ཁག་སེལ་བའི་ནུས་ལྡན་གྱི་སྲིད་ཇུས་རིགས་དབྱེ་ནས་ལག་བསྟར་བྱས་ཏེ། དཀའ་ཁག་ལས་དགྲོལ་རྒྱུ་དང་འཕེལ་རྒྱས་སླར་གསོ་འབྱུང་བར་རོགས་སྐྱོར་བྱ་དགོས་ཞེས་བཤད། 

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧོ། ཝང་ཡུང་། ཤའོ་ཅེ། ཀྲའོ་ཁེ་ཀྲི། ཧོ་ལི་ཧྥུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།