ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁི་ཡིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་ཟླ1པོའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁི་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་འཁོར30སོང་རིང་། ཀྲུང་བྷེས་འབད་འབུངས་མདུན་སྐྱོད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཡུན་རིང་བརྟན་བརླིང་བྱུང་ཡོད། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་བྷེ་རྒྱལ་ཁབ་གཉིས་ཀྱིས་སྔ་རྗེས་སུ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་། ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཉིས་རྒྱལ་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བརྟན་ལ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལའང་གཡུར་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱེད་ཀྱིན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། རྒྱལ་ཁབ་གཉིས་ཀྱིས་རོགས་རེས་རོགས་འདེགས་དང་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ། སྐྱིད་སྡུག་མཉམ་མྱོང་གི་གཅེན་གཅུང་ལྟ་བུའི་བརྩེ་སེམས་མངོན་ཡོད།  

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ངས་ཙུང་ཐུང་ལུའུ་ཁ་ཧྲེན་ཁི་དང་བྱ་ཐབས་སྣ་ཚོགས་བརྒྱུད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། གནས་བབ་གསར་པའི་འོག་ཀྲུང་བྷེ་འབྲེལ་བའི་འཕེལ་རྒྱས་ཀྱི་འགག་སྒོ་སྒྲོལ་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་ཀྲུང་བྷེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཙུང་ཐུང་ལུའུ་ཁ་ཧྲེན་ཁི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་གོ་སྐབས་སུ་བྱས་ནས། ཀྲུང་བྷེའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་སྔར་བས་མང་བ་ཐོབ་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། 

ལུའུ་ཁ་ཧྲེན་ཁི་ཡིས་བསྟན་དོན། ལོ་འཁོར30ཡི་རིང་། བྷེ་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་ནས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཉིས་རྒྱལ་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཟོལ་མེད་མཛའ་མཐུན་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་ཡིད་ཆེས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།