2021ལོར་རང་རྒྱལ་གྱི་མི་འབོར་མི་ཁྲི48འཕར་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཞིབ་རྩིས་རགས་ཙམ་བྱས་པ་བརྒྱུད། 2021ལོར་རང་རྒྱལ་གྱི་གསར་སྐྱེས་མི་འབོར་ཁྲི1062ཟིན་ཡོད། གྲངས་གཞི་དེ2020ལོའི་ཁྲི1200དང་། 2019ལོའི་མི་ཁྲི1465ལས་དམའ་བ་རེད། 

གཞི་གྲངས་ལྟར་ན། 2016ལོར་རང་རྒྱལ་གྱི་གསར་སྐྱེས་མི་འབོར་ཁྲི1883ཡི་མཐོ་རླབས་ཆུང་ངུར་ཕྱིན་པ་དང་། དེ་རྗེས་རྒྱུན་མཐུད་ངང་མར་ཆག་ཡོད། 2021ལོའི་ལོ་མཇུག་ཏུ་སླེབས་སྐབས། རྒྱལ་ཡོངས་ཀྱི་མི་འབོར་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི48འཕར་ཡོད།  

མིག་སྔར། རང་རྒྱལ་གྱི་མི་འབོར་གནད་དོན་གྱི་འགལ་ཟླ་གཙོ་བོ་དེ་སྤྱི་འབོར་གྱི་གནོན་ཤུགས་ནས་གྲུབ་ཆའི་རང་བཞིན་གྱི་འགྲན་སློང་དུ་འགྱུར་བཞིན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ངལ་རྩོལ་ལོ་ཚོད་ཀྱི་མི་འབོར་མར་ཆག་པ་དང་། མི་འབོར་བགྲེས་སོང་ཅན་དུ་འགྱུར་ཚད་རིམ་བཞིན་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། 2010ལོ་དང་བསྡུར་ན། ངལ་རྩོལ་ལོ་ཚད་ལོན་པའི་མི་འབོར་ཁྲི4000ལྷག་ཇེ་ཉུང་དུ་སོང་བ་དང་། ལོ60དང་དེའི་ཡན་གྱི་མི་འབོར་བསྡུར་ཚད18.70%ཟིན་ཡོད། དེ2010ལོ་དང་བསྡུར་ན་བརྒྱ་ཆའི5.44འཕར་ཡོད། 

སྔོན་དཔག་བྱས་པར་གཞིགས་ན། ཁྱོན་ཡོངས་ཀྱི་ཕྲུ་གུ་སྐྱེ་ཚད1.3ཡིན་པའི་ཆ་རྐྱེན་འོག རང་རྒྱལ་གྱི་མི་འབོར་བསྡོམས་འབོར་དེ་“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་འཕར་ཚད་ཀླད་གོར་རམ་ཐ་ན་ལྡོག་འཕར་བྱ་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩའི་སྙན་ཞུ་གསར་ཤོས་ལྟར་ན། ཕྲུ་གུ་སྐྱེ་ཚད་དམའ་བ་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད། 2019ལོར་གོ་ལ་ཧྲིལ་པོའི་རྒྱལ་ཁབ(ས་ཁུལ)203གྱི་ཁྲོད་ཀྱི་རྒྱལ་ཁབ(ས་ཁུལ)84ཡི་སྤྱིའི་གསར་སྐྱེས་ཚད2.1གི་བརྗེ་བསྒྱུར་ཆུ་ཚད་ལས་དམའ་བ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་སྤྱིའི་ཆ་ནས་ཕྲུ་གུ་སྐྱེ་ཚད་དམའ་བའམ་ཡང་ན་ཕྲུ་གུ་སྐྱེ་ཚད་ཤིན་ཏུ་དམའ་བའི་ཆུ་ཚད་དུ་གནས་ཡོད། 

ཆེད་མཁས་པས་དེའི་རྩ་བའི་རྒྱུ་རྐྱེན་ནི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རྒྱས་དང་། བུད་མེད་ལ་སློབ་གསོ་ཐེབས་ཚད་དང་ངལ་རྩོལ་ནང་ཞུགས་ཚད་མཐོ་རུ་ཕྱིན་པ། མི་འབོར་རྒྱུན་འཁོར་རང་བཞིན་ཆེ་རུ་ཕྱིན་པ། སྦྲུམ་འགོག་བྱེད་ཐབས་ཁྱབ་གདལ་བཏང་བ། འཚོ་བ་རོལ་སྟངས་ལ་འགྱུར་ལྡོག་ཕྱིན་པ། བུ་བཙའི་འདུ་ཤེས་དང་གསོ་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བ་སོགས་རེད་ཟེར།

ཀྲུང་གོའི་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧི་ཏན་གྱིས“འདི་ནི་མི་འབོར་འགྱུར་ལྡོག་གི་རང་བྱུང་གི་བརྒྱུད་རིམ་དང་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཡིན། ང་ཚོར་ད་དུང་ཕྲུ་གུ་སྐྱེ་ཚད་འོས་འཚམ་ཡོང་བར་སྐུལ་འདེད་བཏང་ནས། མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་བར་མཐོངས་མང་པོ་ཡོད། ཁ་གཏད་འཇལ་སྟངས་འཚམ་པོ་བྱུང་ན། མི་འབོར་གྱིས་སྔར་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ངང་ནས་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ”ཅེས་བསྟན། 

2021ལོར། རང་རྒྱལ་གྱིས་བུ་བཙའི་སྲིད་ཇུས་སྔར་བས་ཇེ་ལེགས་སུ་བཏང་ནས། བཟའ་ཚང་གཅིག་གིས་ཕྲུ་གུ་གསུམ་སྐྱེ་པའི་སྲིད་ཇུས་དང་ལེ་ལག་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་ལག་བསྟར་བྱས་ཡོད། ཕྲུ་གུ་གསུམ་སྐྱེ་པའི་སྲིད་ཇུས་ཀྱིས་བུ་བཙའི་ཆུ་ཚད་མཐོ་རུ་གཏོང་བར་རེ་བ་ཡོད་དམ་ཞེ་ན།

བཅར་འདྲི་དང་ལེན་ཞུ་མཁན་གྱི་ཆེད་མཁས་པས་བསྟན་དོན། བུ་བཙའི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ་ནི་སྤྱི་ཡོངས་ཀྱི་ཁྲིད་སྟོན་ཞིག་ཡིན་ལ། ཚང་མས་ཕྲུ་གུ་སྐྱེ་མི་སྐྱེ་དེ་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་རྒྱབ་སྐྱོར་བྱེད་ཐབས་གང་མགྱོགས་ངང་དོན་འཁྱོལ་ཐུབ་མིན་ལ་འབྲེལ་བ་ཡོད། 

ཕྲུ་གུ་སྐྱེས་ན་གཉོར་མཁན་མེད་པ་ནི་ཁྱིམ་ཚང་མང་པོའི“སྐྱེ་འདོད་མེད་པ་དང་སྐྱེ་མི་ཕོད་པའི”རྒྱུ་རྐྱེན་གལ་ཆེན་ཞིག་རེད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྤྱི་པའི་ཞབས་ཞུའི་འཆར་འགོད》གཞིར་བཟུང་། 2025ལོར་སླེབས་སྐབས། རང་རྒྱལ་གྱིས་མི་འབོར་སྟོང་རེར་ལོ་གསུམ་མན་གྱི་ཕྲུ་གུ་གཉོར་སྐྱོང་བྱེད་གནས4.5ཟིན་པ་ཧུར་ཐག་སྒོས་མངོན་འགྱུར་བྱ་རྒྱུ་རེད། 

ཀྲུང་དབྱང་གི་པུའུ་ཨུ་མང་པོ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ལ་བཟོ་བཅོས་རྒྱག་པ་ནས་ཕྲུ་གུ་སྐྱེ་པར་རྒྱབ་སྐྱོར་གྱི་བྱེད་ཐབསཁག་བཏོན་ཏེ། བུ་བཙའི་རྒྱབ་སྐྱོར་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་བཞིན་ཡོད། 

ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་སོགས་ཀྱིས་ལོ་གསུམ་མན་གྱི་ཕྲུ་གུའི་ལྟ་སྐྱོང་ཞབས་ཞུའི་འགྲོ་གྲོན་དེ་ཁྲལ་བསྡུའི་ཆེད་དོན་འཐེན་འཕྲིའི་གྲོས་མགོའི་ཇུས་གཞིའི་ནང་བཅུག་པ་དང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་ས་གནས་སོ་སོར་ཕྲུ་གུ་གསུམ་གྱི་བུ་བཙའི་སྨན་བཅོས་འགྲོ་གྲོན་དང་བུ་བཙའི་ཕོགས་སྣོན་ཐོབ་ཐང་སྤྲོད་པར་མཛུབ་ཁྲིད་བྱས། སློབ་གསོ་པུའུ་ཡིས“གཉིས་འཕྲི”བྱ་བར་སྐུལ་འདེད་བཏང་། 

2021ལོའི་ལོ་མཇུག་བར། ཞིང་ཆེན23གྱིས་མི་འབོར་གྱི་འཆར་ལྡན་བུ་བཙའི་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ཡོད། ས་གནས་སོ་སོས་སྲོལ་ཡིག་ནང་བུ་བཙའི་གུང་གསེང་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ཞིང་། ཞིང་ཆེན22ཀྱི་ཕྲུ་གུ་སྐྱེས་པའི་གུང་གསེང་ཉིན158དང་དེ་ལས་རིང་བར་བཏང་། དེའི་ནང་ཞིང་ཆེན16གིས་གུང་གསེང་དུས་ཡུན་གྱི་ཐོབ་ཆ་དེ་སྐྱེ་འཕེལ་འགན་བཅོལ་གྱིས་སྤྲོད་རྒྱུ་གཏན་འབེབས་བྱས་ཡོད། བཟའ་ཟླའི་སྐྱེ་གསོའི་གུང་གསེང་སྤྱིར་ན་ཉིན15ཙམ་ཡིན་ལ། ཚང་མས་ཉིན5ནས20བར་མི་འདྲ་བའི་ཕ་མའི་ཕྲུ་གུ་གསོ་བའི་གུང་གསེང་བཀོད་སྒྲིག་བྱས་ཡོད།

 “ཕྲུ་གུ་སྐྱེ་བ་ལ་སྐུལ་མ་གཏོང་བར་དཔལ་འབྱོར་གྱི་ཁ་གསབ་ཁོ་ནར་བརྟེན་མི་རུང་།” ཀྲུང་གོའི་མི་འབོར་སློབ་ཚོགས་ཀྱི་ཚོགས་གཙོ་ཀྲའེ་ཀྲེན་ཝུའུ་ཡིས་དེ་ལྟར་བཤད། འདི་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། བུ་བཙའི་རྒྱབ་སྐྱོར་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ཁག་ནང་འདྲེས་པར་བྱེད་དགོས། དེའི་ནང་བུ་བཙའི་མ་གནས་སྔར་བས་དམའ་རུ་གཏོང་བ་དང་། བུད་མེད་ཀྱི་ལས་ཞུགས་ཁེ་དབང་འགན་ལེན་འཐུས་ཚང་དུ་གཏོང་བ། བཙའ་ལོ་རན་པའི་བུད་མེད་ཀྱི་ཕུགས་རྒྱང་སེམས་ཁྲལ་ཐག་གཅོད་འོས་འཚམ་བྱེད་པ་སོགས་ཚུད་ཡོད། 

“གཉེན་སྒྲིག་དང་། བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་གཞི་གཅིག་ཅན་ལ་བསམ་བློ་བཏང་ནས། བུ་བཙའི་ཕན་ཐོགས་པའི་སྲིད་ཇུས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས།” ཧི་ཏན་གྱིས་གཞན་ད་དུང་ཁྱིམ་ཚང་གི་རིན་ཐང་དང་། བུ་བཙའི་རིན་ཐང་གི་འདུ་ཤེས་ལ་ཁྲིད་སྟོན་ཡག་པོ་བྱས་ཏེ། བུད་མེད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་རྒྱབ་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས། རང་རྒྱལ་གྱི་བུ་བཙའི་ཆུ་ཚད་སླར་གསོ་དང་མི་འབོར་ཡུན་རིང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།