ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཡོའུ་ཞ་ཡིས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེན་དུ་གཏོང་བར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲང་ཡོའུ་ཞ་ཡིས་དམག་དཔུང་གི་གསར་དུ་བདམས་པའི་ཁང་གཉིས་ཀྱི་ཡོན་ཧྲིར་མཇལ་འཕྲད་གནང་སྐབས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡོའུ་ཞ་ཡིས་པེ་ཅིང་དུ་དམག་དཔུང་གི་གསར་དུ་བདམས་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལ་མཇལ་འཕྲད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་དམག་ཨུའི་མགོ་ཁྲིད་གཞན་དག་གི་ཚབ་བྱས་ནས་ཁོ་ཚོར་རྟེན་འབྲེལ་ཞུས། ཁོང་གིས་ནན་གྱིས་བསྟན་དོན། དམག་དཔུང་གི་ཚན་རྩལ་ལས་དོན་པས་ཐོག་མཐའ་ཀུན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྔར་བཞིན་འབད་འབུངས་ཡར་བརྩོན་བྱེད་པ། རྒྱལ་སྲུང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱ་ལོན་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཁྱོན་ཡོངས་ནས་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་བསྐྲུན་ཆེད་ལེགས་སྐྱེས་གསར་ཞིང་ཆེ་བ་འབུལ་དགོས། 

ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ནམ་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་མེའོ་ཧྭ་མཇལ་འཕྲད་ལ་ཞུགས། 

ཀྲང་ཡོའུ་ཞ་ཡིས་བསྟན་དོན། ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་ཐད་ཚད་གཞི་གསར་པ་འཛུགས་པ་དང་། བློ་བརྟན་འགྱུར་མེད་དང་རང་རྟོགས་ངང“གཏན་འཁེལ་གཉིས”ལ་སྲུང་སྐྱོང་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དེ་ཀླད་པའི་ནང་དུ་སྲ་བརྟན་དུ་གཏོང་བ་དང་། བྱ་སྤྱོད་ཁྲོད་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། འགག་རྩའི་ཁྱབ་ཁོངས་ཀྱི་འགག་སྒྲོལ་ཐད་ཐོལ་བརྒལ་གསར་པ་བླངས་ནས། ཚན་རྩལ་གྱི་འགྱུར་ལྡོག་དང་དམག་འཁྲུག་གི་འགྱུར་བ། ཁ་གཏད་ཀྱི་འགྱུར་ལྡོག་བཅས་ཀྱི་གསར་གཏོད་ལ་ཤུགས་སྣོན་རྒྱག་པར་དམ་པོར་དམིགས་ཏེ། ཚན་རྩལ་གྱི་རང་ཚུགས་རང་འབད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཇོན་མི་གསོ་སྐྱོང་བྱེད་པར་བྱས་རྗེས་གསར་པ་བཞག་སྟེ་འཇོན་མི་ཤེས་རྟོགས་དང་འཇོན་མི་གསོ་སྐྱོང། འཇོན་མི་བཀོད་སྤྱོད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  དགེ་རྒན་གྲགས་ཅན་གྱིས་སློབ་ཁྲིད་དང་ཚོགས་པས་སྦྱོང་བརྡར་བྱས་ཏེ། མི་སྣའི་འཇོན་ཐང་ཡོངས་སུ་འདོན་པ་དང་འཇོན་མི་རབ་རིམ་ཐོན་པའི་རྣམ་པ་བཟང་བོ་ཆགས་དགོས། བློ་སྦྱོང་དང་ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་བཅོས་སྐྱོང་བྱེད་པའི་ཐད་བསམ་བློ་གསར་པ་སྐྱེད་སྲིང་བྱེད་པ་དང་། རིག་གཞུང་གི་ཀུན་སྤྱོད་དང་ཚན་ཞིབ་ཀྱི་སྤྱོད་ལམ་བརྟན་སྲུང་བྱེད་པར་སྣེ་ཁྲིད་དེ། སློབ་གཉེར་ནན་པོ་བྱེད་མཁན་དང་རིག་གཞུང་གི་ཁ་དན་ཚིག་གནས་ཀྱི་སྲུང་སྐྱོང་མཁན་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཚན་ཞིབ་ཁོར་ཡུག་ཅིག་གཏོད་དགོས། རིམ་པ་སོ་སོས་ཚན་ཞིབ་མི་སྣའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དང་། ཞབས་འདེགས་ཡག་པོ་ཞུས་ནས་ཁོ་ཚོའི་སེམས་ཤུགས་གཅིག་སྡུད་ཀྱིས་ཚན་རིག་ཞིབ་འཇུག་གི་བྱེད་སྒོའི་ནང་ཞུགས་ཐུབ་པར་བྱ་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།