ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས2022ལོར་དབུལ་ཐར་མི་འབོར་གྱི་ལས་ཞུགས་གཞི་ཁྱོན་མི་ཁྲི3000ལས་མཐོ་བར་ཁག་ཐེག་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས18ཉིན། ཀྲུང་དབྱང་ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཀྲུའུ་རེན་གཞོན་པའམ་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལིག་ཧོན་ཞིན་གྱིས་བསྟན་དོན། 2021ལོར་དབུལ་ཐར་མི་འབོར་གྱི་ལས་ཞུགས་གཞི་ཁྱོན་མི་ཁྲི3145ལ་སླེབས་པ་དེ་ན་ནིང་ལས་མི་ཁྲི126ཇེ་མང་དུ་སོང་ཞིང་། གླ་ཕོགས་རང་བཞིན་གྱི་ཡོང་སྒོ་མངོན་གསལ་སྒོས་འཕར་ཡོད་ཅིང་། འཕར་བའི་བསྡུར་གྲངས67.9%ལ་སླེབས་ཡོད་སྟབས། གཞི་ཁྱོན་ཅན་གྱི་དབུལ་ཕོངས་བསྐྱར་ལོག་མི་འབྱུང་ཆེད་འདེགས་སྐྱོར་གྱི་ནུས་པ་མཁོ་འདོན་བྱས་ཡོད། 2022ལོར་རྒྱལ་ཡོངས་ཀྱི་དབུལ་ཐར་མི་འབོར་གྱི་ལས་ཞུགས་གཞི་ཁྱོན་མི་ཁྲི3000ལས་མཐོ་བར་ཁག་ཐེག་བྱས་ཏེ། 2021ལོ་ལས་ཇེ་མང་དུ་གཏོང་བར་ཧུར་བརྩོན་བྱ་རྒྱུ་ཡིན།

ལིག་ཧོན་ཞིན་གྱིས་ཚེས18ཉིན་བསྡུས་པའི་རྒྱལ་ཡོངས་དབུལ་ཐར་མི་འབོར་གྱི་ལས་ཞུགས་ལས་རྐང་བྱ་བའི་བརྙན་འཕྲིན་ཚོགས་འདུའི་སྟེང་དེ་ལྟར་བཤད་པ་རེད། 

ལས་ཞུགས་ནི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གཞི་རྩའི་བྱེད་ཐབས་རེད། ལིག་ཧོན་ཞིན་གྱིས་བསྟན་དོན། ཞིང་ཆེན་ཕན་ཚུན་བར་ངལ་ལས་མཐུན་སྦྱོར་བྱས་ཏེ། དཀྱིལ་དབུས་ཞིང་ཆེན་དང་ནུབ་རྒྱུད་ཞིང་ཆེན་བར་བྱེད་ཐབས་སྣ་མང་སྤྱད་ནས་དབུལ་ཐར་རྩོལ་ནུས་ཞིང་ཆེན་བརྒལ་བའི་གཞི་ཁྱོན་བརྟན་བརླིང་ངང་འཕར་བར་སྐུལ་འདེད་དང་། ཤར་རྒྱུད་ཞིང་ཆེན་གྱིས་ཞིང་ཆེན་བརྒལ་ནས་གླ་རྒྱག་པར་ཡོང་བའི་དབུལ་ཐར་ངལ་རྩོལ་པར་བརྟན་འཇགས་ངང་ལས་ཞུགས་ཐོབ་པར་བྱ་རྒྱུ་དེ2022ལོའི་ཤར་ནུབ་ཕན་ཚུན་བར་གྱི་མཉམ་ལས་གྲོས་མཐུན་གྱི་ནང་དོན་ཡིན་པས་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་བྱེད་དགོས། གྲོང་ཁྱེར་དང་ཞིང་ཆེན་བར་གྱི་ངལ་ལས་མཐུན་སྦྱོར་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། དབུལ་ཐར་གྱི་ངལ་རྩོལ་ནུས་ཤུགས་ཞིང་ཆེན་ནང་ཁུལ་དུ་ལས་ཞུགས་བྱེད་པའི་གཞི་ཁྱིན་བརྟན་བརླིང་ངང་འཕར་བར་སྐུལ་སྤེལ་བྱེད་དགོས། ཁྱད་ལྡན་ཐོན་ལས་བརྒྱུད་ནས་ལས་ཞུགས་ལ་སྐུལ་ཁྲིད་དང་། ཞིང་གྲོང་གི་སྤྱི་ཕན་རང་བཞིན་གྱི་ལས་རྐང་རྒྱ་སྐྱེད། རང་བརྟེན་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ཐུབ་པར་རྒྱབ་སྐྱོར་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཀོལ་ནས། དབུལ་ཐར་ངལ་རྩོལ་པ་རྫོང་ནང་ཁོངས་སུ་ཞོར་ལས་བྱེད་པའི་གཞི་ཁྱོན་བརྟན་བརླིང་ངང་ཇེ་མང་དུ་གཏོང་བར་སྐུལ་འདེད་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།