ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་ཧྲུ་ཨར་ཚི་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཙེ་ཀོང་ཀེ་རུ་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་ཧྲུ་ཨར་ཚི་ལ་ཁ་པར་བཏང་། 

ལི་ཁེ་ཆང་གིས་ཧྲུ་ཨར་ཚི་ཡིས་འཇར་མན་གྱི་ཙུང་ལི་ཡི་འགན་བཞེས་པར་ཡང་བསྐྱར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཀྲུང་འཇར་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་དང་འགན་འཁུར་བའི་རྒྱལ་ཁབ་ཡིན། གཉིས་ཀ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་དང་། རང་མོས་ཚོང་དོན་ལག་བསྟར་བྱེད་མཁན་ཡིན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱིས་ཕྱོགས་གཉིས་ལ་ཕན་ཐོགས་ཤིང་། ཀྲུང་གོ་དང་ཡོ་རོབ་གླིང་ལ་ཕན་ཐོགས་པ་མ་ཟད། འཛམ་གླིང་ལའང་ཕན་ཐོགས་ཡོད། ཀྲུང་གོས་འཇར་མན་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་འགྱང་སྔོན་ལ་ཙུང་ལི་སྐུ་ཞབས་དང་ཁ་པར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། ཀྲུང་གོས་འཇར་མན་དང་མཉམ་དུ་ད་ལོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། གླེང་མོལ་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ། ཕྱོགས་གཉིས་སྒོ་འབྱེད་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས།  སྔར་ལས་ལེགས་པའི་སྒོ་ནས་གཉིས་ཁེ་མཉམ་རྒྱལ་ཡོང་བ་དང་། ཀྲུང་འཇར་འབྲེལ་བ་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་འཇར་གྱི་དངོས་སྒྲུབ་མཉམ་ལས་ཀྱི་གཏིང་ཚད་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད“གྲུ་གནོན་རྡོ”ཡི་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོས་སྔ་ཙམ་འཇར་མན་དང་མཉམ་དུ་རེས་སྐོར་གསར་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་བྱས་ནས། ཀྲུང་གོ་དང་འཇར་མན་གྱི་དངོས་སྒྲུབ་མཉམ་ལས་ཀྱི“སྒུལ་བྱེད་འཕྲུལ་འཁོར་ཆེན་པོ”དེས་རྒྱལ་ཁབ་གཉིས་པོའི་མཉམ་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ཚོང་དོན། གྲངས་གཞིའི་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུའི་རེ་བ་ཡོད། འཇར་མན་དུ་ཡོད་པའི་ཀྲུང་གོའི་ཁེ་ལས2000ལྷག་དང་། ཀྲུང་གོར་ཡོད་པའི་འཇར་མན་གྱི་ཁེ་ལས7000ལྷག་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི“སྟོབས་ལྡན་དམག”ཡིན། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཁེ་ལས་དེ་དག་གི་མ་འཇོག་ལས་དར་ལ་འདྲ་མཉམ་དང་མཐོང་ཆུང་མེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། འཇར་མན་གྱིས་སྔར་ལས་སྒོ་འབྱེད་ཀྱི་རྣམ་པས་ཀྲུང་གོའི་ཁེ་ལས་ལ་ལྟ་སྟངས་ཡང་དག་འཛིན་པའི་རེ་བ་ཡོད། ཀྲུང་གོས་མུ་མཐུད་དུ་འཇར་མན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མི་སྣའི“སྟབས་བདེའི་བགྲོད་ལམ”ཡག་པོར་སྤྱད་ནས། རིམས་ནད་འགོག་སྡོམ་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་ལ་སྔར་བས་སྟབས་བདེ་བསྐྲུན་འདོད་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་ནི་འཛམ་གླིང་གར་སྟེགས་སྟེང་གི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད། ཕུགས་རྒྱང་གི་ཟུར་ཚད་ཐོག སྔར་ལས་ཡངས་པའི་མིག་རྒྱང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ་དང་། གླེང་མོལ་དང་མཉམ་ལས་ཀྱི་གཙོ་ཁྲིད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་བཅས་ཀྱི་ཐོག་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བརྟན་བརླིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། འཇར་མན་ནི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་གལ་ཆེན་ཞིག་ཡིན་པས། འཇར་མན་གྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་བར་གྱི་མཉམ་ལས་དང་འབྲེལ་བ་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་གཏོང་བའི་རེ་བ་ཡོད། 

ཧྲུ་ཨར་ཚི་ཡིས་བསྟན་དོན། འཇར་མན་གྱིས་འཇར་ཀྲུང་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ཤིང་། འཇར་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་རེས་སྐོར་གསར་པའི་འཇར་མན་དང་ཀྲུང་གོ་སྲིད་གཞུང་གི་གྲོས་མོལ་ལ་གྲ་སྒྲིག་ཧུར་ཐག་བྱས་ནས། དཔལ་འབྱོར་ཚོང་དོན་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ། མི་སྣ་འགྲོ་འོང་གི“སྟབས་བདེའི་བགྲོད་ལམ”གང་ལེགས་སྤྱོད་འདོད་ཡོད། འཇར་མན་གྱིས་སྔོན་ཆད་དང་སླད་ཕྱིན་གྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཡོ་རོབ་དང་ཀྲུང་གོའི་བར་གྱི་མ་འཇོག་གྲོས་ཆོད་ལ་སྔ་མི་ནས་ནུས་པ་ཐོན་པར་རེ་བ་བྱེད་ཀྱིན་ཡོད། 

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ད་དུང་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་བྱས། 

ཞའོ་ཅེ་དང་ཧི་ལི་ཧྥུང་གོང་གསལ་གྱི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།