ལི་ཁེ་ཆང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་།

ལི་ཁེ་ཆང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་གཙང་སེལ་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་གྱིས་བསྟན།  ལིའུ་ཧི་དང་ཝང་ཡུང་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་། བདེ་འཇགས་ཐོན་སྐྱེད་དེ་རི་བོ་ཐའེ་ཧྲན་ལས་ལྕི། 2021ལོར་ཕྱོགས་སོ་སོའི་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། དེ་དང་ཆབས་ཅིག་ཉེན་ཁ་དང་འགྲན་སློང་སྔར་བཞིན་མང་པོ་ཡོད་པས། བདེ་འཇགས་ཐོན་སྐྱེད་ལས་དོན་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། མི་དམངས་གཙོ་བོར་འཛིན་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཤིང་།  འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་ཁྱབ་ཁོངས་སོ་སོ་དང་ལྷུ་ཚིགས་སོ་སོར་དོན་འཁྱོལ་བྱས་ནས། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་གཙང་སེལ་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཕྱོགས་སོ་སོའི་འགན་འཁྲི་ཇེ་ནན་དང་། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་སྒོས་འཐུས་ཚང་དུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་སྔར་བས་ནན་འཛིན་ཡག་པོ་བྱེད་དགོས། འབར་རླངས་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཀྱི་བདེ་འཇགས་གཅིག་སྡུད་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཤིང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་གཏེར་རི། བཟོ་སྐྲུན་ཨར་ལས། མེ་ཟོན། ཆུ་ཐོག་སྐྱེལ་འདྲེན། ཉ་ལས་གྲུ་གཟིངས་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་འབུར་ཐོན་འགལ་བ་དང་གནད་དོན་ཐག་གཅོད་བྱས་ཤིང་།  དོན་རྐྱེན་ཚབས་ཆེན་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་སྡོམ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཧི་དང་། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་བཚོགས་འདུར་ཞུགས། ཚོགས་འདུས་བསྟན་དོན། འདས་བའི་ལོ་གཅིག་ནང་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་ནས། ལོ་འཁོར་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། དུས་མཚུངས་སུ། ཉེན་མེད་ཐོན་སྐྱེད་ཀྱི་མདུན་དུ་ལྷགས་པའི་གནས་བབ་དང་འགྲན་སློང་ཛ་དྲག་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དོན་རྐྱེན་ཆེན་པོ་དང་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་དང་བཀག་སྡོམ་བྱ་དགོས།

ཚོགས་འདུས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། “བདེན་ཡོད་སྤོབས་ཆེ། རྩ་ལག་མཉམ་བཅོས། ནན་དྲང་མཉམ་སྤྱོད། འགན་འཁྲི་མིར་འདེད། མཐའ་ཚད་སྲུང་བ”བཅས་ཀྱི་བྱ་བའི་བླང་བྱ་གཞིར་བཟུང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། ལོ་ཧྲིལ་པོའི་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་མཐུད་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། “མི་དམངས་གཙོ་བོར་འཛིན་པ་དང་། ཚེ་སྲོག་བླ་ན་མེད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ“རྒྱལ་དོན་གྱི་ཆེ་ཕྱོགས”ལ་བརྩིས་ནས་ནན་འཛིན་བྱེད་དགོས། བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། ས་གནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི“ཏང་སྲིད་འགན་འཁྲི་མཉམ་འཁུར”གྱི་མགོ་ཁྲིད་འགན་འཁྲི་དང་། སྡེ་ཚན་གྱི“ངེས་པར་དུ་གསུམ”གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཞིབ་ཕྲ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་དུ་སྤེལ་ནས། ལས་རིགས་དང་ཁྱབ་ཁོངས་སོ་སོའི་ཉམས་མྱོང་བཟང་པོ་ཁྱབ་གདལ་གཏོང་བ་དང་ཐོལ་བརྒལ་གསར་པར་སྐུལ་འདེད་བཏང་སྟེ། ལམ་ལུགས་ཅན་གྱི་གྲུབ་འབྲས་ཐོབ་པ་བྱེད་དགོས། “གཅིག་སྡུད་བཅོས་སྒྲིག་གཉིས”ཤུགས་ཆེན་སྤེལ་ཏེ། ཉེན་ཡོད་རྫས་འགྱུར་དངོས་རྫས་ཀྱི་ཉེན་ཁ་ཚབས་ཆེན་འབྱུང་ཁུངས་ལ་རྒྱུན་རྣམ་ཅན་གྱི་བདེ་འཇགས་དོ་དམ་ཚོད་འཛིན་བྱེད་པའི་ལམ་སྲོལ་བཙུགས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་བདེ་འཇགས་གྲལ་བཤེར་དང་བཅོས་སྒྲིག་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཆུ་ཤུགས་གློག་ཁང་ཆུང་འབྲིང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེད་པར་བཟོ་དགོས། མུ་མཐུད་དུ་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་ལས་དཔུང་ཁག་ལེགས་སྐྱོང་དང་སྟོབས་ཆེར་བཏང་སྟེ། དོ་དམ་བྱེད་མཁན་ཡོད་པ་དང་མི་འཇོན་ཐང་ཅན་གྱིས་དོ་དམ་བྱེད་ཐུབ་པ་བྱས་ནས། ཁྲིམས་འགལ་གྱི་བྱ་སྤྱོད་དོ་དམ་ཐུབ་པར་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཐབས་ལམ་མང་བ་དང་བྱེད་ཐབས་སྣ་མང་སྤྱད་དེ་བདེ་འཇགས་མ་གཏོང་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་སྤྱིའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

དེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཚང་འཛོམས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།