ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ལོ་ངོ30ཡི་རིང་ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་བར་གྱི་ཉོ་ཚོང་བྱས་པའི་གྲངས་འབོར་ལྡབ100ལྷག་འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ30འགོར་བའི་རིང་། ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་བར་ཉོ་ཚོང་བྱས་པའི་གྲངས་འབོར་ལྡབ100ལྷག་འཕར་ཞིང་། ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་ལ་ཐད་ཀར་དུ་དངུལ་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར140ལས་བརྒལ། 

 2022ལོ་ནི་ཀྲུང་གོ་དང་ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ30འགོར་བའི་ལོ་ཡིན་ལ། ཀྲུང་གོ—ཨེ་ཤ་ཡ་དབུས་རྒྱུད་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས17ཉིན་བརྙན་ལམ་བརྒྱུད་ནས་འཚོགས་ཤིང་། ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་བུན་ཐའོ་ཡིས་ཚོགས་ཐོག་ཏུ་གཏམ་བཤད་སྤེལ། 

ཝང་བུན་ཐའོ་ཡིས་བཤད་རྒྱུར། ཀྲུང་གོ་དང་ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ30འགོར་བའི་རིང་། མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་ལ་དངོས་དོན་གྱི་མཉམ་ལས་གཏིང་ཟབ་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་ལ་གསོན་ཤུགས་རབ་ཏུ་འབར་བ་དང་། གཉིས་ཕན་མཉམ་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བཙུགས་སྟབས། དངོས་དོན་གྱི་མཉམ་ལས་ལ་གྲུབ་འབྲས་མང་པོ་ཐོབ་ཡོད་ལ། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་གི་མཉམ་ལས་གཞི་རྒྱ་མུ་མཐུད་དུ་ཇེ་ཆེར་བཏང་སྟབས་ལས་གཞི་ཆེ་གྲས་ཁག་གཅིག་ལེགས་འགྲུབ་བྱུང་ཞིང་། ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་ཐོན་ལས་ལ་གསོན་ཤུགས་དང་། མཉམ་སྦྲེལ་མཉམ་མཐུད། དམངས་འཚོའི་ལེགས་བསྒྱུར་བཅས་ལ་རམ་འདེགས་བྱས།  

ཝང་བུན་ཐའོ་ཡིས། ཚོང་དོན་པུའུ་ཡིས་རྒྱལ་ཁབ་ལྔ་ཡི་དཔལ་འབྱོར་ཉོ་ཚོང་སྡེ་ཁག་དང་མཉམ་དུ། ཕྱི་འབྲེལ་བཙུགས་ནས་ལོ་འཁོར30འགོར་བ་དེ་གོ་སྐབས་བཟང་བོ་ཞིག་ཏུ་བཟུང་ནས། མཉམ་ལས་ཀྱི་འཆར་གཞི་བཀོད་པ་དང་། མཉམ་ལས་ཀྱི་ཐབས་ལམ་ཇེ་ཡངས་སུ་གཏོང་བ། མཉམ་ལས་ཀྱི་ནུས་ཤུགས་ཇེ་ཆེར་གཏོང་བ། མཉམ་ལས་ཀྱི་ཕན་ནུས་ཇེ་ཆེར་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་རྒྱུད་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན། 

ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་ཡི་ཚོགས་ཞུགས་འཐུས་མིས་བསྟན་དོན། མུ་མཐུད་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ། དཔལ་འབྱོར་སླར་གསོ་འབྱུང་བར་ཤུགས་སྣོན་བཅས་བྱས་ཏེ། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ས་ཁུལ་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་ཐད་ལ་སྔར་ལས་བྱས་རྗེས་འཇོག་རྒྱུ་དང་། རྒྱལ་ཁབ་ལྔ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ། མུ་མཐུད་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་ཤུགས་བསྣན་ནས་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ། མཉམ་ལས་ཀྱི་ལས་གཞི་མང་པོ་དངོས་འབེབ་བྱེད་པར་སྐུལ་འདེད་དང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

རྒྱུས་ལོན་པ་ལྟར་ན། གླེང་སྟེགས་འཚོགས་སྐབས་སུ་ཚོང་དོན་པུའུ་དང་ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ལྔ་ཡི་དཔལ་འབྱོར་ཉོ་ཚོང་སྡེ་ཁག་གིས《ཀྲུང་གོ་དང་ཨེ་ཤ་ཡ་དབུས་རྒྱུད་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤུས་ཚད་མཐོན་པོ་སྒོས་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཉམ་འབྲེལ་གྲོས་གཞི》བཏོན་ནས། ཐུན་མོང་སྒོས་ཉོ་ཚོང་དང་དངུལ་གཏོང་། གྲངས་ཀ ལྗང་མདོག་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།