བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་དགོས་ཞེས་པ་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་གཉིས་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་དགོས་ཞེས་པ་སྤེལ།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དང་ཁྱབ་འགྱེད་ཁྱབ་ཁོངས་ཀྱི་ཆེ་ཚད། ཤུགས་རྐྱེན་ཆེ་ཚད་བཅས་སྔར་ན་མེད་པ་བྱུང་ནས། གོ་ལ་ཧྲིལ་པོའི་གནད་ཆེའི་རྒྱུ་རྐྱེན་གྱི་ཐོན་ཁུངས་བསྐྱར་སྒྲིག་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆ་བསྐྱར་འཛུགས། གོ་ལ་ཧྲིལ་པོའི་འགྲན་རྩོད་རྣམ་པར་འགྱུར་ལྡོག་གཏོང་བ་བཅས་ཀྱི་གནད་འགག་སྟོབས་ཤུགས་སུ་གྱུར་དང་འགྱུར་བཞིན་ཡོད། མ་འོངས་པར་ཁ་ཕྱོགས་ནས་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་གི་འགྱུར་ལྡོག་ཆེན་པོ་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་མཐོ་ཚད་ནས་འགྲེང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ་དང་། གྲངས་འབོར་ཆེ་བའི་གཞི་གྲངས་དང་སྣ་མང་ཕུན་ཚོགས་ཀྱི་བཀོལ་སྤྱོད་རྣམ་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཞི་གྲངས་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་གྱི་ནུས་ཤུགས་སྟེར་བ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ལྡན་དང་ཇེ་ལེགས་སུ་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། དེ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་བཀོད་དེ། རྒྱལ་ཁབ་ཀྱི་ངོས་ནས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་བྱས།  ལོ་འདི་དག་གི་རིང་ལ། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་བྱུང་བའི་ཚད་ཅུང་མགྱོགས་ཤིང་གྲུབ་འབྲས་ཀྱང་མངོན་གསལ་བླངས་ཡོད་པའི་དུས་མཚུངས་སུ། འཛམ་གླིང་གི་གཞི་གྲངས་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་དང་སྟོབས་ལྡན་རྒྱལ་ཁབ་དང་བསྡུར་ན། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་ཆེ་ནའང་ད་དུང་སྟོབས་ལྡན་གྱི་ཚད་དུ་སླེབས་མེད་པ་དང་། མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད་ནའང་ཕུལ་བྱུང་མིན་པ་ང་ཚོས་གསལ་བོར་མཐོང་ཐུབ་དགོས། ད་དུང་དེ་ལས་ཀྱང་ཤེས་དགོས་པ་ཞིག་ལ། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བའི་ཁྲོད་དུ་བདེ་ཐང་མིན་པ་དང་ཚད་དང་མི་མཐུན་པའི་རྒྱུ་རྐྱེན་དང་འཕེལ་ཕྱོགས་འགའ་ཤས་གནས་ཡོད་པ་དེ་ཡིན། གོང་གསལ་གྱི་གནད་དོན་དེ་དག་གིས་གཞི་གྲངས་དཔལ་འབྱོར་བདེ་ཐང་ངང་གོང་དུ་འཕེལ་བར་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་པར་མ་ཟད། འགལ་རྐྱེན་དེའི་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ཡོད་པ་ལས་གཞན། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་བདེ་འཇགས་ལ་འཇིགས་སྐུལ་བཟོ་བཞིན་ཡོད་པས། ངེས་པར་དུ་ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་སྐབས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་གྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། གཞི་གྲངས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་ཕྱིན་པ་ཡིན་ན། གཞི་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་ཕན་ཐོགས་ཡོད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་རྒྱུར་ཕན་ཐོགས་ཡོད་ལ། རྒྱལ་ཁབ་ཀྱི་འགྲན་རྩོད་དགེ་མཚོན་གསར་པ་བསྐྲུན་རྒྱུར་ཕན་ཐོགས་ཡོད།

རྩོམ་ཡིག་ནང་བསྟན་དོན། གནད་འགག་སྲོག་ཤིང་དུ་གྱུར་བའི་ལག་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་པ་དང་། རྨང་གཞིའི་སྒྲིག་ཆས་གསར་པ་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་གཞི་གྲངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཚད་ལྡན་ཅན་དུ་གཏོང་བ། གཞི་གྲངས་དཔལ་འབྱོར་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། གཞི་གྲངས་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ནང་འབད་པས་ཞུགས་པ་བཅས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། གཞི་གྲངས་དཔལ་འབྱོར་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ངེས་ཅན་ཡོད། རང་རྒྱལ་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྲུན་ཡག་པོ་བྱེད་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་གཞི་གྲངས་དཔལ་འབྱོར་གྱི་བསམ་གཞིག་ནུས་པ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། གཞི་གྲངས་དཔལ་འབྱོར་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གཞི་གྲངས་བྱང་ཚད་དང་རྩལ་ནུས་ཆེ་རུ་བཏང་ནས། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཚོགས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།