ཝང་དབྱང་གིས་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བཞི་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་རེ་ལྔ་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་འགོ་འཛིན་བྱས་ཏེ་གཏམ་བཤད། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་མི་དམངས་སྲིད་གྲོས་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཝང་དབྱང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་གཉིས་ལོའི་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ནས། ང་ཚོས་རང་འགན་གཙང་ལེན་བྱ་རྒྱུར་ཚན་རིག་དང་མཐུན་པའི་སྒོ་ནས་མཛུབ་སྟོན་དང་ལག་ལེན་གྱི་ཁ་ཕྱོགས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་ནས། ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལས་ཀའི་ཁྲོད་ནས་ཚད་སྡུར་ལྟ་ཞིབ་བྱེད་པ་དང་བྱེད་ཕྱོགས་དངོས་འབེབས་གསལ་བོ་བྱེད་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་ལས་སྒོ་ཁག་ལ་སྒྲིག་འཛུགས་ཡག་པོ་བཅས་བྱས་ནས། ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་དགོས།

ཝང་དབྱང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཡག་པོ་བསྡུ་བར་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་འཛུགས་པ་དང་། ཏང་གི་འགོ་ཁྲིད་ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་དང་ཁྲིད་སྟོན་བྱེད་པ། “གཏན་འབེབས་གཉིས”ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ནས་ཡིད་ཆེས་ཀྱིས་ཁེངས་པར་བྱེད་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ། དུས་རབས་གསར་པ་བསྐྲུན་པ་བཅས་བྱེད་དགོས། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་བསྟར་བྱས་ཏེ། བརྒྱུད་རིམ་གྱི་དམངས་གཙོ་དང་གྲུབ་འབྲས་དམངས་གཙོ། གོ་རིམ་གྱི་དམངས་གཙོ་དང་དོན་དངོས་ཀྱི་དམངས་གཙོ། ཐད་ཀར་དམངས་གཙོ་དང་གཞན་བརྒྱུད་ཀྱི་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་བཅས་གཅིག་གྱུར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་ཀྱི་ལམ་ལུགས་དགེ་མཚན་མངོན་པར་བྱེད་དགོས། ཨུ་ཡོན་ཚོས་དངོས་སུ་བརྒྱུད་མྱོང་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་འཆད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་དགོས་པའི་ཐད་ཁྲིད་སྟོན་ཡག་པོ་བྱེད་དགོས། ཚོགས་འདུའི་རྩ་འཛུགས་དང་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་རྒྱུ་དང་། ཚོགས་འདུའི་སྒྲིག་ཁྲིམས་ནན་འཛིན་བྱེད་པ། ཧུར་བརྩོན་གྲོན་ཆུང་རྒྱུན་འཁྱོངས་བྱེད་པ། ཚོགས་འདུའི་དངོས་གཉེར་དང་ཕན་འབྲས་མཐོ་བར་འགན་ལེན་བྱེད་པ་བཅས་ལ་འབད་མཐར། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་སེམས་ཤུགས་དང་ནུས་ཤུགས་ཅི་ཡོད་གཅིག་སྡུད་བྱེད་དགོས།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་འཆར་ཟིན། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་འཆར་ཟིན། གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུའི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གོང་གསལ་འཆར་ཟིན་དེ་དག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་ཀྱང་བྱས། ཚོགས་ཐོག་ནས་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་ཉེར་གཉིས་ལོའི་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་གྱི་ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་སྙན་ཞུར་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ལིས་པིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞི་བརྒྱུད་སྒྲོག་དང་གསལ་བཤད་བྱས།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།