ལིས་ཀྲན་ཧྲུའུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་ཏེ་གཏམ་བཤད་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཁྲིམས་བཟོའི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ལྷད་མེད། ཚུལ་སྒྱུར་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་འདོན་སྤྲོད་བྱེད་དགོས།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་སྒྲིག་ནང་བཞག་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པ་གྲུབ་པར་བྱས་ཏེ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་ལག་ལེན་དངོས་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་ཡོད་པས།་ གནད་དེ་ནི་སྐྱེ་ཁམས་དཔལ་ཡོན་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྩ་བའི་གཞི་འཛིན་ས་ཡིན།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག་ཏུ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། འབྲེལ་ཡོད་བཅའ་ཁྲིམས་སོ་གཅིག་ཡོད་ཅིང་། སྲིད་འཛིན་ཁྲིམས་སྲོལ་བརྒྱ་ལྷག་ཙམ་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཆིག་སྟོང་ལྷག་ཙམ་ཡོད་པར་བརྟེན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་མ་ལག་རགས་ཙམ་ཆགས་ཡོད། བཅའ་ཁྲིམས་དང་འབྲེལ་ཡོད་ཁྲིམས་སྲོལ་དེ་དག་གི་ཁོངས་སུ་རི་བོ་དང་ཆུ། ནགས་ཚལ། ཞིང་ས། མཚེའུ། རྩྭ་ས། བྱེ་ཐང་སོགས་རང་བྱུང་མ་ལག་སྣ་ཚོགས་ཚུད་ཡོད་པས། དེ་ནི་ཁྱོན་ཡོངས་ལ་ཁྱབ་པ་དང་དངོས་གཉེར་གོ་ཆོད་ཡིན་ལ། ནན་མོ་དམ་ཚགས་ཆེ་བ་བཅས་ཀྱི་བཅའ་ཁྲིམས་མ་ལག་ཅིག་ཡིན།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་མ་ལག་སྔར་ལས་ཚན་རིག་དང་མཐུན་པ་དང་སྔར་ལས་འཐུས་སྒོ་ཚང་བ། སྔར་ལས་མཐུན་སྦྱོར་གཅིག་གྱུར་བཅས་ཡོང་བར་བྱེད་དགོས། གཅིག་ནས་སྟོང་ཆ་དང་ཞན་ཆ་གསབ་རྒྱུ་དམ་འཛིན་བྱས་ཏེ། ད་ཡོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལ་གསེད་བཀྲོལ་གང་ལེགས་བྱས་ནས། མ་ལག་ཚང་བའི་སྒོ་ནས་ཇུས་འགོད་དང་ཁྱོན་ཡོངས་ལ་བསམ་གཞིགས། མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནས་བཅའ་ཁྲིམས་ལམ་ལུགས་ཇུས་འགོད་ཀྱི་ཚན་རིག་རང་བཞིན་དང་ཆེད་ལས་རང་བཞིན་སྔར་ལས་ཆེ་རུ་བཏང་ནས། ཁྲིམས་བཟོའི་སྤུས་ཚད་མཐོ་རུ་བཏང་སྟེ་བཅའ་ཁྲིམས་གོ་ཆོད་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས། གསུམ་ནས་བཅའ་ཁྲིམས་མ་ལག་གི་མཐུན་སྦྱོར་ཆ་ཚང་དུ་གཏོང་བའི་ལས་ཀར་ཤུགས་བསྣན་ནས། བཅའ་ཁྲིམས་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།

ཧྲིན་ཡུའེ་ཡུའེ་ཡིས་ཚོགས་འདུར་འགོ་འཛིན་བྱས། ཏིན་ཀྲུང་ལིས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།