ཝང་དབྱི་ཡིས་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་དང་ཁུ་ཝེ་ཐེའི་ཕྱི་འབྲེལ་བློན་ཆེན་ནམ་ནང་བློན་ཁང་ལས་དོན་གྱི་རྒྱལ་དོན་བློན་ཆེན་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས12ཉིན། རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཅང་སུའུ་ཝུའུ་ཞི་ནས་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཆ་ཝུའུ་ཧྲེ་ཨོ་ལུའུ་དང་ཁུ་ཝེ་ཐེའི་ཕྱི་འབྲེལ་བློན་ཆེན་ནམ་ནང་བློན་ཁང་ལས་དོན་གྱི་རྒྱལ་དོན་བློན་ཆེན་ཨའེ་ཧ་མའེ་ཏེ་དང་གྲོས་མོལ་མཛད། 

ཝང་དབྱི་ཡིས་ཆ་ཝུའུ་ཧྲེ་ཨོ་ལུའུ་དང་གྲོས་མོལ་མཛད་སྐབས་བསྟན་དོན།  ང་ཚོས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་གཏན་འཁེལ་བྱས་པའི་ཁ་ཕྱོགས་ལྟར།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། གཅིག  སོ་སོས་རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ།  གཉིས། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྩི་སྲུང་ནན་མོ་བྱེད་པ།  གསུམ། རྒྱལ་སྤྱིའི་ཚོགས་རར་ཕ་རོལ་ཕྱོགས་ལ་དམིགས་པའི་བྱེད་སྒོར་མི་ཞུགས་པ། བཞི། ལོ་རྒྱུས་དང་མི་རིགས་སོགས་ངོས་འཛིན་མི་གཅིག་པའི་གནད་དོན་ཐད་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱབ་ནས་ཕན་ཚུན་ལ་རྒྱུས་ལོན་བྱེད་དགོས་ཞེས་བསྟན།  

ཆ་ཝུའུ་ཧྲེ་ཨོ་ལུའུ་ཡིས་བཤད་རྒྱུར། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། “དབུས་མའི་བར་ཁྱམས”ཀྱི་འཆར་གཞི་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྦྲེལ་མཐུད་ལ་ཤུགས་སྣོན་བྱེད་འདོད་ཡོད།  ཐུར་ཁེ་ཕྱོགས་ཀྱིས་ལུས་རྩལ་ཆབ་སྲིད་ཅན་དུ་མི་འགྱུར་བར་རྦད་དེ་མོས་མཐུན་ཡོད་ཅེས་བཤད།

ཝང་དབྱི་ཡིས་ཨའེ་ཧ་མའེ་ཏེ་དང་གྲོས་མོལ་མཛད་སྐབས་བསྟན་དོན།  རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་བར་ཕན་ཚུན་ཡིད་ཆེས་ཆེན་པོ་དང་མཛའ་གྲོགས་ཟབ་མོའི་འབྲེལ་བ་བཙུགས་ནས། ཀྲུང་གོ་དང་ཁུ་ཝེ་ཐེའི་འབྲེལ་བ་རྒྱུན་མཐུད་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་བློས་འགེལ་ཆོག་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་ཝེའི་ཐེའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་མཛའ་མཐུན་གྱི་སྲིད་ཇུས་ལག་བསྟར་བྱེད་པར་བསྟོད་པ་བྱེད་ཀྱིན་ཡོད་ལ།  མུ་མཐུད་དུ་ཁུ་ཝེ་ཐེའི་ཡིད་ཆེས་བྱེད་ཆོག་པའི་རོགས་ཟླ་བྱེད་རྒྱུ་ཡིན།  

ཨའེ་ཧ་མའེ་ཏེ་ཡིས་བཤད་རྒྱུར།  ཁུ་ཝེ་ཐེའི་དང་ཀྲུང་གོའི་བར་གྱི་འབྲེལ་བ་ནི་ཁུ་ཝེ་ཐེའི་ཕྱི་འབྲེལ་གྱི་དཔེ་མཚོན་དུ་གྱུར་ཡོད། ཁུ་ཝེ་ཐེའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད།

ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཤུགས་སྣོན་པ་དེ་ཁུ་ཝེ་ཐེའི“2035ལོའི་རྒྱལ་ཁབ་ཀྱི་རེ་འདོད”དང་སྦྲེལ་མཐུད་བྱེད་པར་མོས་མཐུན་བྱུང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།